ཁམས་སྒར་ཁྲོ་ཆུ་སྒྲུབ་ཆེན་གྱི་བྱུང་བ།

ཁྱོན་157བཀླགས་འདུག

ཁམས་གྲྭ་སྟོབས་བཅུ། ཁམས་པ་སྒར་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་ཆུ་དུག་གདོང་ནག་པོའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་བྱུང་བ་བརྗོད་པ་དབྱར་རྔའི་རང་སྒྲ་བཞུགས་སོ།གདོད་ནས་རྣམ་གྲོལ་ཀ་དག་འཇམ་པའི་དབྱིངས། །ལྷུན་གྲུབ་རིག་པ་འདུས་མ་བྱས་པའི་དཔལ། །ཟུང་འཇུག་དང་པོའི་སངས་རྒྱས་དེ་ཉིད་ལ། །གུས་འདུད་བརྒྱུད་རིམ་འབྲི་ལ་གནང་བ་སྩོལ། །དེ་ལ་འདིར་གང་གླེང་བར་བྱ་བ་ནི། འཇམ་དཔལ་རིགས་གསུམ་ཁྲོས་པ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུད་དང་ཚོམ་བུ་ཚོགས་སྒྲུབ་ཀྱི་བྱུང་བ་རག་བསྡུས་སུ་བཤད་པ་ལ། དེ་ཡང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མདོར་བསྡུ་ན། ཐེག་པ་ཆེ་ཆུང་གཉིས་སུ་འདུ། ཐེག་པ་ཆེན་པོ་དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཡོད་པ་ལས། འབྲས་བུའི་སྔགས་ཀྱི་ཐེག་པ། རྒྱ་གར་འཕགས་པའི་ཡུལ་དུ་གསར་རྙིང་གི་དབྱེ་བ་མེད་ཀྱང་། བོད་གངས་ཅན་གྱི་ལྗོངས་འདིར་ལོ་པཎ་རྣམས་ཀྱི་འགྱུར་སྔ་ཕྱིའི་བྱེ་བྲག་ཙམ་ལ་བརྟེན་ནས་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་གྲགས་པ་ལས་སྔ་མ་ཡིན། དེལའང་ཡོ་ག་རྣམ་གསུམ་ལས་འདི་ནི་བསྐྱེད་པ་མ་ཧཱ་ཡོ་ག། དེ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཡོད་པ་ལས་སྒྲུབ་སྡེའི་བྱེ་བྲག་ལས་འཇམ་དཔལ་སྐུའི་སྒྲུབ་པ་ཡིན། སྐུ་འཇམ་དཔལ་ཞི་ཁྲོས་རྒྱུད་ཀྱི་ལོ་རྒྱུས་ཅུང་ཟད་སྨོས་ན། ཐོག་

མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ངོ་བོ་རང་བཞིན་ཐུགས་རྗེར་བཅས་སྟེ་གཞི་ལ་མངོན་བྱང་ཆུབ་ནས་སྐུ་དང་ཞིང་ཁམས་རྒྱ་མཚོ་ལོངས་སྤྱོད་རྫོགས་པའི་བཀོད་པས་དག་པ་དང་། ཐུབ་པ་དྲུག་ལ་སོགས་པའི་མ་དག་པའི་འགྲོ་བ་མཐའ་མེད་པ་འདུལ་ཅིང་། ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་གང་ལ་གང་འདུལ་དུ་སྣང་བ་རྣམས་དAང་ཐབས་གཅིག་ངེས་དོན་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་འཇམ་དཔལ་གྱི་རྒྱུད་མཐའ་ཡས་པ་གསུངས་པ་དང་། ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཆེན་པོར་སྤྲུལ་ནས་སྤྲུལ་པའི་འཁོར་རྣམས་ལ་ཟླ་གསང་ནག་པོའི་རྒྱུད་དང་། བཤད་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་སོགས་རྩ་བཤད་ཀྱི་རྒྱུད་ཆེན་པོ་དཔག་ཏུ་མེད་པ་གསུངས་ཞིང་། ཁྱད་པར་འོག་མིན་མེ་རི་འབར་བའི་ཞིང་ཁམས་ཆེན་པོར་ཀུན་བཟང་རྡོ་རྗེ་འཆང་འཇམ་པའི་རྡོ་རྗེ་ཁྲོ་བོ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་གདོང་ནག་པོར་བཞེངས་པ་ལ་ཡུམ་བཛྲ་བེ་ཏ་ལི་དུག་གི་ཐེག་ལེ་ཅན་གྱིས་ཞུས་པ་ལ་དངོས་གྲུབ་འབྱུང་བའི་རྒྱུད་ཆེན་པོར་གསུངས་པ་དང་། ལྷོ་ཕྱོགས་ཨེ་ཁྲོམ་འབར་བ་གཤིན་རྗེའི་གཤེད་ཀྱི་ཞིང་ཁམས་རབ་ཏུ་འཇིགས་པར་ཁྲོ་བོ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་གདོང་ནག་པོར་བསྟན་ནས་ཡུམ་དུག་ཏིག་མས་ཞུས་པར་དུག་མཚོ་ཁོལ་མའི་རྒྱུད་གསུངས་པ་དང་། རྒྱ་གར་ལྷོ་ཕྱོགས་བྷ་ར་དྷྭ་ཛ་ཞེས་བྱ་བར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བསྟན་པ་དར་བའི་སྐབས་འོད་སྲུང་རྫོགས་བྱེད་ཕྱི་མ་སོགས་མུ་སྟེགས་ཀྱི་སྟོན་པ་དྲུག་སོགས་མཁས་ཤིང་ནུས་པ་ཅན་དུ་མ་དང་མུ་སྟེགས་ཀྱི་རྒྱལ་པོ་མང་པོ་འདུས་ནས་བསྟན་པ་བསྣུབ་པའི་ཚེ་སྟོན་པ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་འཇམ་དཔལ་དབྱངས་དགོངས་པའི་རྩལ་གྱིས་བསྐུལ་བས་འཇམ་པའི་དབྱངས་ཉིད་རིགས་གསུམ་འདུས་པའི་ཁྲོ་བོ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་གདོང་ནག་པོར་བསྟན་ནས་མུ་སྟེགས་པ་རྣམས་བརླག་པའི་ཚེ། སྟོན་པ་ཉིད་ཀྱི་ཞུ་བ་པོའི་ཚུལ་མཛད་པ་ལ་འཇམ་དཔལ་ཁྲོས་པའི་རྒྱུད་གསུངས་སོ། །དེ་ལྟར་འཇམ་དཔལ་ཁྲོས་པའི་རྒྱུད་ཐམས་ཅད་ཡུམ་བཛྲ་བེ་ཏ་ལི་དུག་ཐིག་མ་དང་། གསང་བའི་བདག་པོས་བསྡུས་ཏེ་རིག་པ་འཛིན་པའི་གནས་དང་མཁའ་འགྲོའི་གནས་སུ་བཞུགས་པ་ལས། རྡོ་རྗེ་རོ་ལངས་དུག་ཏིག་མ་དང་གསང་བའི་བདག་པོ་སོགས་ཀྱིས་སློབ་དཔོན་འཇམ་དཔལ་གཤེས་གཉེན་ལ་བསྟན། སློབ་དཔོན་འདི་ནི་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ཁྱེར་དུ་སྐུ་འཁྲུངས། རིགས་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་ཞིག་བྱུང་སྟེ་སློབ་དཔོན་རོ་ལང་ཐལ་མདོག་ལ་སོགས་པ་ལས་སྔགས་ཕྱི་ནང་གི་དབང་བསྐུར་བ་དང་། གདམས་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱང་ཐོབ། སློབ་དཔོན་རོལ་པའི་རྡོ་རྗེ་ལས་དགྲ་གདོང་འཇིགས་གསུམ་སོགས་ཀྱང་གསན། གང་ལྟར་ཐུན་མོང་གི་གྲུབ་པ་རྣམས་ཉམས་འོག་ཏུ་ཆུད་ཅིང་ཟུང་འཇུག་གི་གོ་འཕང་ཐོབ་པར་ཉེ་བ་ན་སྤྱོད་པ་ལ་གཤེགས་པས་མུ་སྟེགས་ཀྱི་ཁ་འཛིན་མཆོག་ཏུ་ཆེ་བའི་རྒྱལ་པོ་ཞིག་གླང་པོ་ཆེ་ལ་ཞོན་ནས་འོང་པ་ཟམ་པ་གཅིག་གིས་སྟེང་དུ་འཕྲད་པ་ལམ་བཟུར་རེས་མ་བྱུང་བ་སློབ་དཔོན་གྱི་སྡིག་མཛུབ་བསྟན་པས་རྒྱལ་པོ་དང་གླང་ཆེན་ཕྱེད་ཚལ་དུ་བཀས་པའི་གྲུབ་རྟག་བསྟན། ཇི་ཞིག་ན་འཕགས་པ་འཇམ་དཔལ་དབྱངས་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས་པ་ཡིན་ཅིང་འཇམ་དཔལ་ཡ་མནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་བསྟན། སྤྲུལ་པའི་ལས་གཤིན་མང་པོའི་སྲོག་སྙིང་ཕུལ། སྤྱིར་གསང་སྔགས་མ་ལུས་པ་དང་། ཁྱད་པར་དུ་འཇམ་དཔལ་ཞི་ཁྲོའི་རྒྱུད་ལྔ་བརྒྱ་དང་བདུན་ཅུ། སྒྲུབས་ཐབས་མི་འདྲ་བ་བདུན་བརྒྱ། ཕྲིན་ལས་ཀྱི་སྦྱོར་བ་འབུམ་ཕྲག་བདུན་མཁྱེན། གཤེད་སྐོར་དཔག་ཏུ་མེད་པ་སྐལ་ལྡན་རྣམས་ལ་བསྟན་ནས་དར་ཞིང་རྒྱས་པ་མཛད། ཕྲིན་ལས་ཀྱི་རིམ་པ་སྟོང་ཕྲག་བདུན་དང་བརྒྱད་བརྒྱ་བསྒྱུར། ཕུང་ཤིག་གི་འཁོར་ལོ་སྟོང་རྩ་བརྒྱད་བསྟན་པར་གྲགས། སློབ་དཔོན་དེ་ལ་སློབ་མ་མཆོག་བཞི་སྟེ། ཤྲཱི་སེང་ཧ། པདྨ་སམྦྷ་བ། ནོར་བུ་གླིང་པ། རོ་ལངས་བདེ་བའམ་གཙུག་ལག་དཔལ་དགེའོ། །དེ་ཐམས་ཅད་ཀྱི་མན་ངག་འཛིན་པ་བལ་པོ་བ་སུ་དྷ་ར་ཡིན། གངས་ཅན་བོད་ཀྱི་ལྗོངས་སུ་མ་ཧཱ་གུ་རུ་པདྨ་སམྦྷ་བ་དེ་ཉིད་ཀྱིས་བསམ་ཡས་འཆིམ་ཕུ་བྲག་དམར་ཀེའུ་ཚང་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ། ལས་ཅན་རྒྱལ་པོ་རྗེས་འབངས་རྣམས་སྨིན་པར་བྱས་སྟེ་བཀའ་རེ་རེ་ལ་གྲུབ་ཆེན་རེ་ཐོན་པ་གྲགས་པ་ལྟར་གནུབ་སངས་རྒྱས་ཡེ་ཤེས་མེ་ཏོག་གཤིན་རྗེར་བབས་ཏེ་འཇམ་དཔལ་ཁྲོ་བོའི་དབང་བསྐུར་རྒྱུད་བཤད་སྨིན་གྲོལ་ལ་བཀོད། སློབ་དཔོན་དེ་ཉིད་རྒྱ་གར་ལ་ལན་བདུན་བྱོན། མཁས་པ་བཅུ་གཅིག་ལ་གཏུག དེ་དག་ལས་ཁྱད་པར་དུ་གྱུར་པ་བལ་པོ་བ་སུ་དྷ་ར་ལས་གཤེད་སྐོར་དྲག་སྔགས་རྒྱ་མཚོ་ལྟ་བུ་ཞུས། དུར་ཁྲོད་དང་། མཚོ་གླིང་། མི་མ་ཡིན་དྲག་པོ་རྒྱུ་བའི་གནས་སུ་སྒྲུབ་པ་མཛད་པས་འཇམ་དཔལ་ཡ་མནྟ་ཀ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། མངོན་ཤེས་རྫུ་འཕྲུལ་ཐོག་པ་མེད་པར་གྲུབ། ནུས་པ་ཤིན་ཏུ་ཆེ་བའི་ལྷ་སྲིན་ཀུན་གྱི་སྟངས་ཕུལ། བསྒྲགས་སུ་ཁེངས་ལོག་བྱུང་བ་གཤིན་རྗེའི་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། སྙེ་མོ་བྱེ་མཁར་དུ་བཞུགས་སྐབས་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བདོ་བར་ཉེ་བ་ན་ཕུར་བུ་བཏོན་ཏེ་དམག་ཡོད་ས་དྲིལ་ཞིང་བསྡིགས་པས་མེ་དཔུང་ཆེན་པོ་འབར་ཏེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླག་པར་བྱས། བསྒྲགས་ཡོངས་རྫོང་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཞོལ་ཞིང་རྫུ་འཕྲུལ་གྱི་བྲག་ལ་ཕུར་པ་གཏབ་པ་ཕྱི་རབས་རྣམས་ཀྱི་དད་པའི་མཆོད་སྡོང་དུ་བཞག་པར་མཛད། དྲག་སྔགས་རྣམས་འཆོལ་གྱི་དོག་ནས་གཏེར་དུ་སྦས་སོ། །གནུབ་ཆེན་དེ་ཉིད་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་རྩལ་གྱིས་དུས་བབས་ཀྱི་རྟག་དང་བསྟུན་ནས་བལ་ཡུལ་བུམ་ཐང་ཀེ་རུ་དང་། བྱང་པྲ་དུན་རྩེ་སོགས་ནས་གཤེད་སྐོར་རྒྱ་མཚོ་ལྟ་བུ་གཏེར་དུ་བཞེས་ནས་། མ་བུ་བསྡབ་པའི་སྨིན་གྲོལ་ལས་ཚོགས་དང་བཅས་པ་སྲས་དོན་ཡོད་རྡོ་རྗེ་ལ་གནང་། དེ་ནས་རིམ་གྱིས་སྲས་རྒྱུད་སློབ་རྒྱུད་ནས་རིམ་པར་བརྒྱུད་དེ། མ་ཧཱ་པཎྜི་ཏ་འཇམ་དཔལ་ནོར་བུ་པདྨ་དབང་མཆོག་རྒྱལ་པོའམ། ཁྲག་འཐུང་ཁྲོ་ཆུ་དགྱེས་པའི་རྡོ་རྗེ་ཞེ་སྡང་རྔམས་ཆེན་ནག་པོ་གནམ་ལྕགས་མེ་འབར་རྩལ་གྱི་བར་དུ་བྱོན་པ་སྙན་བརྒྱུད་དང་། རང་སྣང་རྣམ་པར་དག་པའི་ཕོ་བྲང་ན་སྔོན་གྱི་ལས་སྨོན་དང་ལྡན་པ་འཇམ་དཔལ་ནོར་བུ་གང་ཉིད་ཀྱི་དག་པའི་སྣང་ངོར། གཤིན་རྗེའི་རིག་འཛིན་བ་སུ་དྷ་རས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་ནས་འཇམ་དཔལ་ཞི་ཁྲོའི་རྒྱུད་དང་སྨིན་གྲོལ་རྒྱབ་བརྟེན་མན་ངག་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་བ་ཉེ་རྒྱུད་དང་། ཡང་གསང་ལྟར་ན་འཇམ་མགོན་རིན་པོ་ཆེ་གང་ཉིད་གཏུམ་དྲག་ཁྲོ་འབར་ཁྲོ་ཆུ་བདུད་འདུལ་གླིང་དུ་འཇམ་དཔལ་ཁྲོ་བོའི་སྒྲུབ་པ་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་བཞུགས་སྐབས། རིགས་གསུམ་ཁྲོས་པ་ཁྲོ་ཆུ་དུག་གདོང་ནག་པོའི་སྐེད་པ་ཆུ་སྲིན་གྱི་རྔམ་ཞལ་ལས་རྔུབ་སྟེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་འཇམ་དཔལ་རིགས་ལྔའི་དགོངས་ཀློང་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་གྱི་ངང་བདུན་ཕྲག་གཅིག་ལ་བཞུགས་ཉམས་འཆར་བ་དཔལ་དུས་དགྲའི་དབང་པོ་དང་དབྱེར་མེད་པ་ཡུལ་གསུམ་གྱད་དུ་གྱུར། ལྷ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ། འཇམ་དཔལ་ཁྲོས་པའི་རྒྱུད་ལས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་ཆེ་བ་བསྟན་ཏེ། ཕྱི་ལྟར་ན་འཆི་བདག་ཚེ་བདག་སྲོག་བདག་གསུམ་ཡིན་པས་རྣོ་མྱུར་གྱི་ཆེ་བ༔ ནང་ལྟར་ན་འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་ཡིན་པས་རྫུ་འཕྲུལ་དྲག་རྩལ་གྱི་ཆེ་བ༔ གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་པས་བྱིན་རླབས་དང་རྟག་མཚན་གྱི་ཆེ་བ༔ ལས་ཀྱི་གཤིན་རྗེའི་ཚུལ་བསྟན་པ་སྒྲུབ་ཐག་ཉེ་ཞིང་མངོན་མཚན་ཆེ་བ་ལྷ་དྲན་ཆོག སྔགས་བཀླག་གྲུབ། གཞུང་བཏོན་སྐྱོབས་ཞེས་བྱིན་རླབས་ཆེ་བའི་ཚད་དུ་གྲགས། རྗེ་འདིས་ཟབ་ཆོས་འདི་ཉིད་ཕྱོགས་མེད་ཁྱབ་བརྡལ་གྱི་གོ་ཆ་ཆེར་བགོས་ཏེ་ཆོས་དང་སྲིད་ཀྱི་མངའ་ཐང་རྒྱས་ཤིང་སྟོབས་དང་འབྱོར་པས་ཕྱུགས་ཅིང་རེས་སུ་མེད་པའི་དམ་པའི་སྐྱེས་བུ་ཁག་ལ་དབང་རྒྱུད་ཁྲིད་རིམ་རྣམས་ཕུལ་ཅིང་ཆོས་བདག་ཏུ་མངའ་གསོལ་ནའང་། ཟབ་ཆོས་འདི་ཉིད་གངས་སེང་གི་འོ་མའི་དཔེ་བཞིན་ལས་དབང་དང་སྐུ་བསོད་ཀྱི་མ་ཆུམས་པར་བཤད། དེ་ནས་བདག་ཅག་གི་འདྲེན་པ་གཅིག་པུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ ༧ དཔལ་རྒྱལ་བ་མདོ་ཁམས་པ་ཆེན་པོ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་ནས་འཇམ་དཔལ་ཡ་མནྟ་ཀའི་རྒྱུད་དང་སྒྲུབ་ཐབས་སྨིན་གྲོལ་ལས་ཚོགས་དང་བཅས་པ་ལྷག་ལུས་མེད་པར་གསན། རྗེ་ཉིད་ནས་ཆོས་བདག་ཏུ་མངའ་གསོལ་བས་སྔོན་སྨོན་དུས་སུ་སྨིན་པའི་རྟག་སུ་ཕྲིན་ལས་ཀྱི་མཛད་པ་ཙནྡན་གྱི་མེ་ལ་ཏིལ་མར་བསྣན་པ་བཞིན་བྱུང་བར་གྲགས། དེ་ལྟར་སྲས་རྒྱུད་སློབ་རྒྱུད་ཉེ་རྒྱུད་སོགས་བརྒྱུད་པ་དེ་ལྡན་གྱི་གདམས་སྐོར་འདི་ཉིད་སྟེང་ནས་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་དཀྱིལ་འཁོར་བསྒྲུབ་པའི་བཀྲག་མ་ཡལ། བར་ནས་སྨན་རཀ་བདུད་རྩིའི་མཚོ་མ་སྐེམ། དམ་ཉམས་འདྲེས་ཁྱེར་གྱི་ལྷད་མ་ཞུགས། སྙན་རྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྒྲུབ་པ་ཆེན་མོ་ཁྱབ་བདག་བླ་མ་ཡབ་སྲས་ཀྱི་བཀའ་བབས་ཐུན་མོང་མ་ཡིན་པ།
མཐོང་བ་བརྒྱུད་པའི་ཕྱག་ལེན་མན་ངག་གི་བརྒྱན་པ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་འདི་ཉིད། དངོས་གྲུབ་འབྱུང་བའི་རྒྱུད་ནས་བཤད་པ་ལྟར། གནས་དུས་སྟོན་འཁོར་ཡོ་བྱད་རྣམས་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་དགོས་ཤིང་། ལག་ལེན་རྩིས་འགོ་ཚངས་བས་ཁྲིགས་ལ་ཕབ། རྟེན་གཞི་ཕོ་བྲང་རྩག་གསུམ་མ་རྒྱན་བཀོད་ཡོ་བྱད་གཏོར་མ་རྣམས་ཟུར་གསལ་ལྟར་འདིར་ཚིག་ཚོགས་མང་བས་རྒྱས་པར་མ་བཀོད་མོད། མདོར་བསྡུས་ས་བཅད་ཙམ་དུ། རྟེན་གཏོར་ཁྲམ་གཟུགས་སྒོ་བཅུ་དྲུག་པ། བདག་བསྐྱེད་སྙིང་གཟུགས། སྨན་གདོང་རྟག་པའི་རྡོ་རྗེ་ཚེ་གཏོར་བུམ་གཟུགས། སྨན་གདོང་ཡིད་བཞིན་ནོར་བུ་གཡང་གཏོར་ནོར་བུ་འབར་བ། ལས་བཞི། བསྐང་གཏོར་རི་རབ། ཟོར་ཆེན་ཆུ་སྲིན་གྱི་རྔམ་ཞལ་གཏོན་པ། གསོལ་ཀའི་གཏོར་མ་བྲ་གཟུགས་ཟུར་མེ་ཅན། བཀའ་གཏེར་གཞི་བདག་སོགས་དང་། གཞན་ཡང་སྒྲུབ་རྟེན་ལ། ཐོག་སྣ་སྟོང་ལས་གྲུབ་པའི་གཙོ་ཕུར། དྲག་ཤིང་ལས་གྲུབ་པའི་སྲོག་ཕུར་དང་སྲོག་ཁྲམ། ཐོད་སྐུ། སྲོག་འཁོར་བླ་རྡོ། དར་ནག་ལ་སྐུ་བྲིས་པ། སྨན་གྱི་ཕོ་བྲང་། ཚེ་བུམ། བམ་ཆེན། དུག་ཁྲག་རྣམས་རྒྱུད་དང་སྒྲུབས་ཐབས་ནས་འབྱུང་བ་ལྟར་ཚུལ་ལྡན་མཁས་པའི་ཕྱག་རྒྱུན་འཁྲུལ་མེད་མ་ནོར་བ་བསྒྲུབ་པ་དང་། ཡོ་བྱད་བཅས་ཤོམས་དང་། འདོན་རྟ་གྱེར་དབྱངས། འབུད་བརྡུང་དཀྲོལ་གསུམ། གཏོར་བཟོ་དཀར་རྒྱན། ཆོག་ཆིངས་ཕྱག་ལེན་རྣམས་སྔགས་རྙིང་མའི་ཕྱག་སྲོལ་མ་ནོར་བ། ཁྱབ་བདག་བླ་མ་ཡབ་སྲས་ཀྱི་ཕྱག་ལེན་གནད་ཀྱི་ཟིན་པ་མན་ངག་གི་ཟུར་བརྒྱན་ཏེ་སྟོད་སྨད་ཟུང་དུ་སྦྲེལ་བའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ཉིན་བཅུ་གསུམ་གྱི་གྲུབ་པར་བགྱིས་པ་འདིའོ། །དེ་དག་ལ་ཉིན་རེ་བཞིན་ཀུན་ཐུབ་རྒྱལ་མོ་རྒྱས་འཆམས་དང་། འདོད་ཡོན་ལྷ་མོའི་བསྐང་འཆམས། ལྷག་ལེན་གདོང་ཅན་བཞིས་སྟངས་སྟབས་སོགས་ཡོད། འཇམ་མགོན་བླ་མ་ཡབ་སྲས་ཀྱི་ཆེས་ཐོག་མའི་སྒྲུབ་ཆེན་སྐབས། ས་ཆོག་ཉིན་ཁྲག་འཐུང་གཤིན་རྗེའི་གཤེད་ཀྱི་དགྱེས་འཆམས་རྩ་འཆམས་སུ་གྲགས་པ་དང་། སྨད་ལས་མངོན་སྤྱོད་ཀྱི་སྒྲུབ་པའི་སྐབས་ ༧ ཁྱབ་བདག་མདོ་ཁམས་པ་ཆེན་པོ་བསྐལ་བཟང་དོན་བརྒྱུད་ཉི་མའི་དགོངས་ཉམས་ལས་ཤར་བ་གནུབ་རོ་གཟན་ལུགས་ཅེས་གྲགས་པའི་གཤིན་རྗེའི་དཔུང་ཆེན་གཡུལ་འཇུག་ཟོར་འཆམས་ཚེ་བདག་ནག་པོ། དུས་དགྲའི་དབང་པོའི་བསྒྲལ་འཆམས་འདོན་ཆོག་སྦྲག་མ་རྔ་འཆམས་སུ་གྲགས་པ། འཁོར་འདས་ཟིལ་གནོན་གཤིན་རྗེའི་གཤེད་ཀྱི་གྲུབ་འཆམས། བཀའ་སྲུང་ཡ་མ་རཱ་ཙ་དང་། ཞིང་སྐྱོང་སྟོབས་འཕྲོག་དབང་པོ་སོགས་ཀྱི་དགྱེས་འཆམས་ལུས་ཀྱི་གར་སྟབས། རྩ་གསུམ་དགྱེས་པའི་མཆོད་སྤྲིན། དྭངས་བ་འདྲེན་པའི་མིག་རྒྱན་སོགས་བཞུགས་ནའང་ ༡༩༥༩ ལོ་དུས་ཀྱི་འཕོ་འགྱུར་མཐའ་དམག་ཀླ་ཀློའི་རྩུབ་སྤྱོད་མི་བཟད་པའི་དུཿཁས་གངས་ལྗོངས་ཡོངས་སུ་ཕན་བདེའི་ཉིན་བྱེད་གཞོན་ནུ་ཆུ་ལྷའི་ཕང་དུ་བསྙལ་ཅིང་། ལོག་སྤྱོད་ངན་ཤོར་ཀྱི་རྒུད་མུན་དྲག་ཏུ་འཐིབ་པ་ནས་རྟེན་དང་བརྟེན་པ་བསྟན་གཞི་རྣམས་བདག་བཟུང་མི་ཆོག་པར་བསྒྱུར་བ་དང་། ༡༩༦༤ ལོ་རིག་གསར་གྱི་ལྟ་བ་ལྷ་དང་འདྲེ་མེད་སྨྲ་ཞིང་རྒྱུ་འབྲས་ཁྱད་གསོད་ཀྱི་རིགས་དངོས་དང་རིགས་གཞུང་ལ་ཉམས་ཆགས་གཏོར་སྐྱོན་ཆེན་མོའི་ལས་འགུལ་འོག་རིགས་གནས་རྒྱུན་འཛིན་གྱི་དགེ་རྒན་དང་། རིགས་གཞུང་མཁས་པའི་དཔེ་རྒྱུན་རྣམས་མི་མངོན་སྟོང་པའི་དབྱིངས་སུ་རྒྱས་གཏབ་ཟིན་པ་རེད། སླར་ཡང་ ༡༩༨༢ ལོ་ནས་གངས་ལྗོངས་ཆོས་དད་རང་དབང་གི་སྒོ་མོ་གསར་དུ་འབྱེད་པ་ནས་ ༡༩༨༦ ལོ་སྔར་རྒྱུན་ལྟར་སྒྲུབ་པ་ཆེན་མོ་དབུ་འཛུག་ཐུབ་པ་བྱུང་། གོང་གི་སྒྲུབ་ཞག་ཉིན་བཅུ་གསུམ་གྱི་ནང་གསེས་ལ། ས་ཆོག་ས་བརྟག་བསླང་སྦྱང་བ། སྟ་གོན་གྱི་རིམ་པ་རྣམས་ཉིན་གཅིག སྒྲུབ་རྫས་རྒྱན་འགོད་པ་དང་། ལྷ་བསྐོས་ལ་གདབ་པ། སྒྲུབ་པ་པོ་གནས་སུ་འགོད་པ་རྣམས་ཉིན་གཅིག སྟོད་ལས་བྱང་ཆུབ་ཏུ་སྒྲུབ་པ་ཉིན་གསུམ། སྨད་ལས་མངོན་སྤྱོད་དུ་སྒྲུབ་པ་ཉིན་བདུན། མཐའ་རྒྱས་དངོས་གྲུབ་ལེན་ཆོག་དང་འབྲེལ་བའི་ཁྲོམ་ཚོགས་ལ་སྒྲུབ་དབང་ཆེན་མོ། དགོངས་དྲོ་རྡོ་རྗེ་རྒྱལ་པོའི་བསྔོ་བའི་ཡོན་བཤད་དང་། མར་མེ་སྨོན་ལམ་སོགས་ཉིན་གཅིག་དེ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ཉིན་བཅུ་གསུམ་གྱི་ས་བཅད་ཁམས་པ་སྒར་གཞི་བྱེས་གཉིས་སུ་ད་ལྟ་དངོས་སུ་འཚོགས་བཞིན་པ་འདིའོ། །འཇམ་དཔལ་ཞི་ཁྲོའི་བྱིན་རླབས་སྙིང་ལ་ཞུགས། །རང་བྱུང་ཡེ་ཤེས་ཉི་མ་ཁོང་ནས་ཤར། །སྒྲིབ་གཉིས་མུན་སྟུག་གཅིག་ཆར་བསལ་ནས་ཀྱང་། །འཁོར་བ་རུ་ལྡོག་སྲིད་པ་གཏིང་སྤྲུག་ཤོག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *