མདོ་ཁམས་བརྒྱད་པ་རྗེས་སུ་དྲན་པ།
ཁྱོན་5321བཀླགས་འདུག
•བོད་སྲས།
ཟབ་རྒྱས་ཆོས་ཆར་ཟིལ་མ་དངོས་ཐོས་མེད་ཅིང་། །
མཚན་དཔེའི་སྐུ་ཡི་གཟི་མདངས་མཇལ་མྱོང་མེད་རུང་། །
གང་ཉིད་དྲན་ཀློང་དད་པའི་མཁར་རྫོང་ནང་དུ། །
ནམ་ཡང་ལྷང་ངེར་འཚེར་བའི་རྒྱལ་སྲས་ཤིག་གོ །
མཁས་པ་ཡིན་མིན་ཟེར་ན་མཁས་པ་དངོས་རེད། །
ཇི་སྙེད་ཆོས་གཅིག་མ་ལུས་ཁོང་དུ་ཆོད་ཅིང་། །
དེ་དག་སྤང་བླང་ནོར་བ་མེད་པར་མཁྱེན་པའི། །
དོན་དུ་མཚན་ཉིད་ཚང་བའི་ལོ་པཎ་ཞིག་གོ །
གྲུབ་པ་ཡིན་མིན་ཟེར་ན་གྲུབ་པ་དངོས་རེད། །
བཅོས་མིན་བརྩོན་འགྲུས་རྟ་ཕོ་རྟག་པར་ཞོན་ཏེ། །
ཚེ་ལུས་གཅིག་ལ་སྒོམ་པ་མཐར་ཕྱིན་བྱུང་བའི། །
ཚེ་དང་སྒྲུབ་པ་མཉམ་པའི་དཔའ་བོ་ཞིག་གོ །
བདག་རང་དལ་རྟེན་མི་ལུས་ཐོབ་རྒྱུ་ཕྱི་ཞིང་།
ཁྱེད་ཉིད་དག་པའི་ཞིང་གཞན་ཕེབས་པ་སྔ་སྟེ། །
རྗེ་དང་དངོས་མཇལ་མྱོང་བའི་སྐལ་ལྡན་མིན་རུང་། །
གསུང་ཚིག་ཧ་ཅང་མང་བས་ང་ཡིད་ཚིམ་ཡོད། །
ཕྲན་རང་བཅོ་བརྒྱད་ཚང་བའི་མི་ལུས་ཐོབ་ནས། །
ངུར་སྨྲིག་ན་བཟའ་གྱོན་པའི་ལས་སྐལ་ལྡན་འདི། །
འདི་བཟུང་བྱང་ཆུབ་གོ་འཕང་མ་བརྙེས་དབར་དུ། །
ལམ་ཁ་བར་ཆད་མེད་པའི་ནུས་མཐུ་སྩོལ་ཅིག །
ཁ་ཙམ་མ་ཡིན་ཁོག་ནས་འགོག་མེད་རྡོལ་བའི། །
དད་དུང་སེམས་པའི་ཀློང་གི་རྦ་རླབས་ཐར་ཐོར། །
གང་ཉིད་དྲན་མཚོན་ཙམ་དུ་ཡིག་ངོར་བཀོད་འདི། །
དགྱེས་པའི་མཆོད་སྤྲིན་ཞིག་ལ་འགྱུར་བར་སྨོན་ནོ། །
བསམ་ཚུལ་ཕྲིས།