༧ མདོ་ཁམས་བརྒྱད་པའི་རྣམ་ཐར་དད་པའི་འཛུམ་ཟེར།

ཁྱོན་6462བཀླགས་འདུག

____🌱ལྗང་ཆུང་།

 

ཁྱབ་བདག་རྡོ་རྗེ་འཆང་ཆེན་སྐྱབས་མཆོག་དྲན་པས་གདུང་སེལ་རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གི་རྣམ་ཐར་དད་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།།

                         ____🌱ལྗང་ཆུང་།

བསྐལ་བཟང་དང་པོ་སངས་རྒྱས་འཁོར་བ་འཇིག།

སྙིགས་དུས་འགྲོ་བའི་དོན་གཟིགས་མི་ཡི་གར།།

རྒྱལ་བ་མདོ་ཁམས་སྐྱེས་རབས་གསེར་རིའི་ཕྲེང་།།

སངས་རྒྱས་དངོས་བྱོན་དག་ལ་གསོལ་བ་འདེབས།།

གང་གི་མཚན་ཐོས་དྲན་པའི་ཐིགས་པ་ཡིས།།

ཀུན་ཉོན་སྲིད་པའི་ཚ་གདུང་འཇོམས་མཛད་ཅིང་།།

དོན་བརྒྱུད་རྟོགས་པའི་བྱིན་ཆེན་འབེབས་མཛད་པ།།

སྐྱབས་མཆོག་དྲན་པས་གདུང་སེལ་སྙིང་ནས་དྲན།།

རུས་ཆེན་སྨུག་པོ་གདོང་རྒྱུད་མ་ཉམས་ཤིང་།།

ནང་ཆེན་ཆོས་རྒྱལ་ཆེན་པོའི་མདུན་ན་འདོན།།

དེ་ཡི་ཆར་གཏོགས་གཞུང་དྲང་ཁོག་ཡངས་པ།།

ཡབ་ཀྱི་མིང་ལ་ཚ་པ་ལྷུན་རྒྱལ་གྲགས།།

རྣམ་དཀར་ཆོས་ལ་དད་ཅིང་དགེ་ལ་བརྩོན།།

གཟུགས་བྱད་མཚར་སྡུག་ཡིད་ཕྲོག་མེ་ནཱ་ཀ།

ཡོན་ཏན་བསམ་ཡས་ལྷ་མོ་སྒྱུ་འཕྲུལ་ལས།།

ཟླ་མེད་མ་ཡུམ་དངོས་གྲུབ་ལྷ་མཚོ་མཚན།།

མདོ་སྟོད་འཛིན་མའི་ཡངས་རྩེ་ནང་ཆེན་གྱི།།

ཤར་ལུང་གཡང་ཁྱིམ་རག་རྫོང་ཕྱུག་མོ་ནས།།

རབ་བྱུང་བཅུ་དྲུག་ལྕགས་ལུག་ཧོར་ཟླ་བའི།།

ཡར་ཚེས་རེས་གཟའ་པ་བ་སངས་ཀྱི་སྐབས།།

ཇི་ལྟར་རྒྱལ་སྲས་དོན་ཀུན་འགྲུབ་པ་བཞིན།།

ལྷུམས་སུ་ཞུགས་དང་བལྟམས་པ་ནས་བརྩམ་ཏེ།།

རྨད་བྱུང་ངོ་མཚར་བསམ་ལས་འདས་པ་ཡིས།།

མཆོག་སྤྲུལ་དུང་གི་ཟླ་བ་ཞིང་འདིར་འཁྲུངས།།

འཁྲུངས་ནས་ཟླ་ཤས་གོམ་ཚུགས་མི་ཐོབ་ཙམ།།

བླ་རྒན་ཡེ་རབ་ཞལ་ཚོམས་འཁྲེལ་འཁྱུད་བཅས།།

ངོ་ཤེས་དགའ་འདྲིས་རྟགས་མཚན་དུ་མ་ཡིས།།

ངས་ནི་མཆོག་སྤྲུལ་མཇལ་ཞེས་ཤོད་དགོས་བྱུང་།།

དུས་གསུམ་སྒྲིབ་གཡོགས་བྲལ་བའི་ཡེ་ཤེས་ཀྱིས།།

འཁྲུལ་མེད་མཆོག་སྤྲུལ་དམ་པའི་སྐུར་ངེས་པའི།།

ཁམས་སྤྲུལ་འགྲོ་བའི་གདུང་སེལ་འདི་ཡིན་ཞེས།།

བཀའ་རྟགས་རྡོ་རྗེའི་གསུང་གི་དབུགས་དབྱུང་བསྩལ།།

ཡབ་ཚང་རུ་ཁྱིམ་བྱེ་ལུང་གཞུང་ཞེས་སར།།

བླ་རྒན་དཔལ་འབྱོར་རྒྱ་མཚོ་གཙོ་བྱས་པས།།

སྐུ་ཁྲུས་ན་བཟའ་གསོལ་ཚེ་མཁའ་དབྱིངས་ནས།།

ཆར་རྒྱུན་འཇའ་ཚོན་འོད་ཀྱི་གུར་འཁྱིམ་འཁྲིག།

དེ་སྐབས་ཆོ་ག་ཕྱག་བཞེས་མཛད་སྟངས་དང་།།

འདོན་དབྱངས་བཅས་ལ་གཟིགས་སྤྲོ་བླ་གྲྭ་སྤྱི།།

ལྷག་པར་གོང་མའི་ཡོངས་འཛིན་བླ་རྒན་ལ།།

ཕ་མ་གཉིས་ལས་དགའ་འདྲིས་ཟབ་ཚུལ་མངོན།།

ཆུང་ནས་འགྲོ་ལ་བརྩེ་བའི་རང་རྟགས་སུ།།

མི་དྲི་ཙམ་ཡང་མནམ་པར་མི་བཟོད་པའི།།

རི་དྭགས་མང་པོ་སྐུ་གམ་བག་ཕེབས་ངང་།།

ཕྱག་གིས་ཡང་ཡང་བྱུག་པའི་བྱམས་བརྩེ་བསྟན།།

མཁྱེན་བརྩེ་དབང་པོའི་སྒྱུ་མའི་གར་གྱི་མདུན།།

སྐྱབས་གསུམ་དགེ་བསྙེན་སྒྲུབ་ཏེ་གཙུག་ཕུད་ཕུལ།།

མཚན་ཡང་ངག་དབང་དགེ་ལེགས་ཉི་མ་ཞེས།།

པདྨའི་རྒྱལ་ཚབ་དམ་པར་མངའ་གསོལ་མཛད།།

ལྷ་བབས་དུས་ཆེན་རྒྱལ་ཕུར་འགྲུབ་སྦྱོར་བསྟུན།།

མཚན་སྤྲུལ་གཙོས་བྱས་ཡབ་ཡུམ་ཉེ་འཁོར་བཅས།།

ཆིབས་བསུའི་འཕྲེང་བསྟར་ཨང་གེ་ཐང་ཆེན་པོར།།

བཀྲ་ཤིས་དགའ་བ་འབུམ་ཚོགས་གཡས་སུ་འཁྱིལ།།

གླིང་བཞིའི་མི་རིགས་དཀར་ནག་སོག་བོད་བཅས།།

ངུར་སྨྲིག་རྒྱལ་མཚན་འཛིན་པས་ཕྲེང་བསྟར་ནས།།

གདུགས་དང་རྒྱལ་མཚན་བ་དན་ཕྱེ་ཕུར་སོགས།།

བདུད་སྤོས་མཆོད་སྤྲིན་གཡོ་བས་གསེང་སྦྲེང་དུ།།

གཙུག་ལག་སེར་འཇའི་དབུ་རྩེ་མཇལ་ཙམ་དུས།།

སྒར་ལུང་གདོང་ནས་དུང་དཀར་རྒྱང་བརྡ་འུར།།

ལྷ་བསང་དུད་སྤྲིན་ནམ་མཁའི་ཁམས་ཁྱབ་བཅས།།

དགོན་སྡེ་གཉིས་ལ་ཤི་གསོན་འཕྲད་པ་བཞིན།།

དངུལ་དུང་དཀར་མོ་འཛམ་གླིང་རྒྱང་གྲགས་ལས།།

བཀྲ་ཤིས་ཞལ་དྲོའི་འདོར་སྡེབ་བརྗིད་ཆགས་ལྷན།།

འདོ་ཆེན་ཨ་མདོ་གསེར་ཉའི་ཆིབས་གཞོལ་ཚེ།།

ཡ་མཚན་འདབ་བརྒྱད་ཁ་བའི་མེ་ཏོག་ཉིལ།།

གུར་ཆེན་དཀར་མོ་མཐོང་གྲོལ་ནང་རོལ་དུ།།

རྔ་སིལ་རྫ་གླིང་རོལ་མོའི་མཆོད་སྤྲིན་བཅས།།

དབང་བརྗིད་གསེར་གྱི་ཁྲི་འཕང་མཐོན་པོ་རུ།།

ཕྱི་ནང་བསྟན་པའི་བདག་པོར་མངའ་གསོལ་ལོ།།

སྲིད་ཞིའི་དཔ༵ལ་ཀུན་ཕུན༵་སུམ་ཚོ༵གས་པའི་ཞིང་།།

ཐེག་གསུམ་ཆོས༵་ཀྱི་འཁོ༵ར་ལོས་དབང་སྒྱུར་བའི།།

བསྟན་འགྲོ་རྒུད་པ་བསལ་ཕྱིར་གླིང༵་མཆོག་དེ༵ར།།

དོན་བརྒྱུད་བསྟན་པའི་ཉི་གཞོན་སླར་ཡང་འཆར།།

ཕྱི་ལོ་ཡང་ཟབ་ཚོགས་སྒྲུབ་ཆེན་མོའི་སྐབས།།

གུ་རུ་པད་མ་འོད་འབར་ཆས་བཀླུབས་ནས།།

རྒྱལ་ཀུན་ཡེ་ཤེས་ཀློང་དུ་རོ་གཅིག་ངང་།།

གཡོ་མེད་སྐུ་འདྲ་ལྟ་བུར་ཀུན་ཀྱིས་མཇལ།།

སངས་རྒྱས་སྟོང་སྐུའི་རྟེན་མཆོག་བྱིན་ལྡན་དྲུང་།།

རིགས་བདག་མཐུ་ཆེན་རྡོ་རྗེ་འཛིན་པ་ཡིས།།

མཚན་ལ་བསྐལ་བཟང་དོན་བརྒྱུད་ཉི་མ་ཞེས།།

སྡོམ་གསུམ་འཛིན་པ་ཡོངས་ཀྱི་དཔྱིད་དུ་ཕུལ།།

གཞན་ཡང་གསར་རྙིང་བཀའ་གཏེར་བརྒྱུད་པ་ཡི།།

རྩ་གསུམ་ཆོས་སྲུང་དམ་ཅན་གཏེར་བདག་གི།

དབང་ལུང་མན་ངག་བཀའ་གཏད་ཟབ་མོ་ཡིས།།

ཟླ་བ་བདུན་རིང་ཐུགས་ཀྱི་མཁྱེན་མཛོད་བཀང་།།

པད་མ་དགྱེས་པའི་ཞལ་སློབ་ཤེས་བློ་ལས།།

ཕྱ་ཆེན་སྔོན་འགྲོ་བཞི་སྦྱོར་འབུམ་བཞི་དང་།།

ཞོར་ཆོས་བདེ་མགོན་ཉེར་མཁོ་ཐུགས་འཛིན་ཀྱི།།

མཁྱེན་རབ་པདྨོར་བརྩོན་པའི་དྲི་བསུང་དཀུ།།

ཁྱད་པར་མཁས་གྲུབ་འཇམ་དཔལ་ནོར་བུ་ལས།།

སྒྲ་སྙན་སྡེབ་སྦྱོར་སྨན་རྩིས་རིག་གནས་སོགས།།

མདོ་དང་སྔགས་ཀྱི་ཆོས་རིག་འབུམ་ཕྲག་གི།

ཐུན་མོང་ཐུན་མིན་བུམ་པ་གང་བྱོས་མཛད།།

ལྷ་སྐུའི་ཆ་ཚད་པིར་འགྲོས་རི་མོའི་ཚུལ།།

དབུ་ཆེན་བསོད་ཚེར་ཞོར་ལས་ཅུང་ཟད་ཙམ།།

འབྲི་སྦྱངས་མཛད་མ་ཐག་ཏུ་སློབ་དཔོན་ལས།།

ཚད་ཉམས་མཉེན་གྲུང་ཐོན་པའི་མཁས་པ་ཆེ།།

གསར་རྙིང་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཆེན་གྱི།།

དབུ་སློབ་གར་དབྱངས་ཐིག་ཚོན་འབུད་རྡུང་སོགས།།

གང་ལ་ཐོག་མེད་རྗེ་བཙུན་གོང་མའི་སྲོལ།།

ཁུང་དག་རྒྱུ་མཚན་བཅས་པའི་ཕྱག་བཞེས་གནང་།།

ཕྱི་རུ་སོར་ཐར་གཙང་མའི་གོས་ཀྱིས་མཛེས།།

ནང་ན་བྱང་སེམས་གསེར་གྱི་ཡུ་བ་བརྟན།།

གསང་བ་རིམ་གཉིས་ནོར་བུའི་ཏོག་མཐོ་བའི།།

དོན་བརྒྱུད་བསྟན་པའི་སྒྲོན་མེ་ཁྱེད་མིན་སུ།།

ལྟ་བ་ཕྱག་ཆེན་གནས་ལུགས་མངོན་དུ་གྱུར།།

སྒོམ་པ་བསྲེ་འཕོ་རོ་སྙོམས་སྐོར་དྲུག་སོགས།།

སྤྱོད་པ་བཀའ་གདམས་གོང་མའི་རྣམ་ཐར་འཆང་།།

ངེས་དོན་འགྲོ་བའི་མཛའ་བཤེས་ཁྱོད་མིན་སུ།།

མི་སྲུན་སྐྱེ་བོས་གཏུམ་སྤྱོད་ངན་བསྙད་ཀྱིས།།

བླ་མ་བཙོན་བཟུང་རྟེན་གསུམ་བཤིག་པའི་ཚེ།།

དགེ་བསྙེན་རྡོ་རྗེ་དགྲ་འདུལ་རྭ་མདར་བསྐུལ།།

ཕྲིན་ལས་དྲྭ་བ་དམར་པོའི་མངོན་རྟགས་ཐོན།།

ནང་ཆེན་ཆོས་རྒྱལ་ཆེན་པོའི་ཕོ་བྲང་ནང་།།

ཉིན་མོ་ཐུན་གྱི་གཟིགས་སྣང་དག་པ་ལས།།

ཁྲ་མོ་གླིང་དཀར་དཔུང་གིས་བསུ་བའི་ཚུལ།།

མ་བཞི་དཔོན་དེའི་ཉམས་ཀྱི་རྣམ་འགྱུར་རྩེ།།

འཆད་པས་གསུང་གིས་མཐོང་ཐོས་སྨིན་ཅིང་གྲོལ།།

རྩོམ་པས་ལེགས་བཤད་ནོར་བུ་གན་མཛོད་ཕྱེས།།

རྒྱལ་བསྟན་སྤྱི་དང་དོན་བརྒྱུད་དབྱར་རྔ་བའི།།

བསྟན་པ་རིན་ཆེན་ཕྱོགས་ཀུན་ཁྱབ་པར་འགྱེད།།

མདོ་ཁམས་ཆུ་བཞི་སྒང་དུ་བཞུགས་པ་ཡི།།

བཤད་སྒྲུབ་ཆོས་ཀྱི་སྒར་དགོན་ལྷ་འབང་བཅས།།

གྲངས་མེད་ཞབས་ཀྱིས་བཅཊ་ཤིང་དབང་ལུང་ཁྲིད།།

རྣམ་གྲོལ་ཐར་བའི་ལམ་སྟོན་ཡང་ཡང་མཛད།།

གོང་མའི་སྒྲུབ་གནས་རྣམས་དང་ཁྱད་པར་དུ།།

མི་ཤིགས་རྡོ་རྗེའི་རྫོང་གི་གནས་མདུན་ནས།།

རྡོ་རྗེ་རྩེ་ལྔའི་རང་བྱོན་གསལ་བར་སོགས།།

དག་པ་ཡེ་ཤེས་རང་སྣང་བརྗོད་ལས་འདས།།

ཀུན་མཁྱེན་གཞུང་འགྲེལ་གསར་རྐོ་མཛད་པ་དང་།།

བཀའ་དང་བསྟན་བཅོས་པར་ཤིང་ཤེལ་བྲག་རི།།

མཁས་དབང་ཚེ་རྣམ་དངོས་བྱོན་བོད་ཁམས་སུ།།

ཁམས་སྒར་གསུང་རབ་འདི་ཞེས་སྙན་པ་འཕུར།།

ལྷ་མི་འགྲོ་བའི་བསོད་ནམས་གསོག་པའི་རྟེན།།

དྭགས་བརྒྱུད་རིང་ལུགས་སྔོན་འགྲོའི་སྐྱབས་ཡུལ་ལྷ།།

འཕགས་བོད་རིས་མེད་རྩ་གསུམ་སྲུང་མ་བཅས།།

ཚོགས་ཞིང་ཕྱི་ནང་རྟེན་དང་བརྟེན་བཅས་བསྐྲུན།།

ལྷ་སྨད་མཚམས་ཀྱི་རྒྱ་མཚོ་ལྟེ་བ་རུ།།

བསྟན་འགྲོར་དུས་རིམ་མཛད་པའི་དྲུང་སྐོར་དེར།།

གཏེར་གུར་མཐོང་གྲོལ་ཆེན་མོའི་ཕྲིན་ལས་འཇུག།

བྷོ་ཊའི་ཆོས་སྲིད་རྒུད་པའི་སྔ་ལྟས་འཚུབ།།

དེ་སྐབས་ཙམ་ན་དཔོན་སློབ་ཉུང་ཤས་ནང་།།

གྱང་ངག་རྡུག་དབྱུག་རྩེད་འཇོའི་རྣམ་པ་དག།

མ་འོངས་གཞིས་བྱེས་ས་བཟུང་སོ་སོར་ནས།།

གཙུག་ལག་ཁང་རྟེན་ཕྱག་ལས་མོད་པའི་བརྡ།།

ལྷག་ཏུ་རྐུན་ཇག་མི་གསོད་སྣ་དུད་སོགས།།

བཀག་སྡོམ་ཆེར་མཛད་དམ་བཅའ་ཕུལ་བ་སོགས།།

འགྲོ་རྣམས་བདེ་ནས་བདེ་བའི་ལམ་སྦྱོང་ཕྱིར།།

ཞིང་མཆོག་གནས་ཀྱི་སྒོ་འབྱེད་དུ་མར་མཛད།།

དགུ་གྲངས་ཉེར་བརྒྱད་ཙམ་དུ་ཕེབས་པའི་དུས།།

འཕྲལ་ཕུགས་འགྱི་འོས་བཀའ་སློབ་ཐ་མ་བསྟན།།

གདན་ས་འདི་ཡི་གཞིས་ལུས་བྱེས་འགྲུལ་ཀུན།།

འབྲལ་མི་ཕོད་པའི་གདུང་བ་ལྕི་བཞིན་གྱེས།།

མཐའ་དམག་ཀླ་ཀློའི་དཔུང་ཚོགས་མེ་ཆར་གྱིས།།

གནས་ས་ཡོམ་ཡོམ་འཁྲུག་པའི་ལམ་རོང་ནས།།

གཞོམ་མེད་ཐུགས་རྗེ་ནུས་མཐུའི་གོ་ཆས་འོག།

དཔོན་སློབ་དབུ་ཐོན་འཕགས་པའི་ཡུལ་དུ་ཕྱིན།།

སྐབས་དེར་དུས་ན་ཤར་མི་ལྷོར་འཆར་ཀུན།།

འཇིགས་པས་ཁ་འཐམ་སྐྱོ་བས་སྙིང་འཐོར་ཏེ།།

རང་གི་ཁ་ཕོར་ཙམ་ཡང་ཟིན་མཁན་མེད།།

ཡ་ང་འཚོ་བའི་འདུ་བྱེད་མ་གཏོང་ཙམ།།

གདན་ས་གསུམ་སོགས་རིས་མེད་དགེ་འདུན་སྡེ།།

ཕལ་ཆེར་ཁྱིམ་པའི་འཆལ་སྤྱོད་ལྟོ་རྒྱབ་ཙམ།།

བསྟན་པའི་ཉམས་ཉེས་ཐུགས་ཀྱིས་མ་བཟོད་དེ།།

བསྐལ་མང་གོམས་པའི་སྙིང་སྟོབས་སླར་ཡང་འབར།།

སྤྱི་བློན་ནེ་རུ་མཆོག་དང་ས་གནས་ལ།།

ཡུལ་གྱར་མི་རིགས་སྐྱིད་སྡུག་གནས་ཚུལ་དང་།།

གྲུབ་མཐའ་རིས་མེད་བླ་ཆེན་ཁག་བཅས་ལ།།

བསྟན་དོན་སྲོག་ཏུ་འཛིན་པའི་ཐུགས་འགན་བསྐུལ།།

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཤད་གྲྭ་དང་།།

མན་ངག་ཉམས་ལེན་བསྟི་གནས་སྒྲུབ་པའི་སྡེ།།

ཐུན་མིན་བོད་ཀྱི་བཟོ་རིག་བསླབ་གྲྭ་བཅས།།

ཆོས་སྲིད་ཉི་ཟླ་ཟུང་འབྲེལ་དབུ་ཁྲིད་གནང་།།

རྒྱལ་བའི་བསྟན་པ་གནས་དང་འཕེལ་རྒྱས་ནི།།

བསྟན་རྩ་དགེ་འདུན་སྡེ་ལ་རག་ལས་ཤིང་།།

དེ་ཡང་ཐོས་བསམ་སྒོམ་ལ་མཐར་ཐུག་པས།།

ལུང་རྟོགས་ཆོས་ཀྱི་གཞི་རྒྱའི་སྟ་གོན་རྩོམ།།

ཕྱོགས་ལྷུང་རིས་མེད་ཆོས་ཀྱི་སྡེ་ཆེན་ཞིག།

གྲུབ་མཐའ་ཀུན་ཀྱང་གཅིག་མཐུན་ཆོས་གྲྭ་ཆེ།།

དགོངས་བཞེད་བཀའ་སློབ་བདུད་རྩིས་བྲན་པ་ཡིས།།

གཟུར་གནས་དག་ལ་དགྱེས་པའི་དཔྱིད་དུ་སོན།།

ཆོས་ཀྱིས་ཆེ་ཞིང་སྲིད་ཀྱིས་བསྐུར་འོས་པའི།།

སེམས་དཔའ་མཆོག་གི་དགོངས་སྤྱོད་ཟླ་བྲལ་བ།།

ཀུན་ཕུང་ཕྲག་དོག་བསམ་སྦྱོར་གཡོ་ཐབས་དེས།།

སྤྱིར་ནོར་ཆོས་སྲིད་ནོར་མཛོད་རྒྱང་དུ་ཡལ།།

དེ་ལྟར་ཆིག་སྒྲིལ་བསོད་དབང་མེད་ཀྱང་རུང་།།

དུས་འགྱུར་འཇིགས་དངངས་མི་ཟད་དེ་འདྲའི་དུས།།

ལུགས་གཉིས་དབུགས་རྒྱུ་གསོ་བའི་དགོངས་པ་ཡི།།

བྱང་ཆེན་སེམས་དཔའི་རྣམ་ཐར་ནམ་ཡང་དྲན།།

ཁམས་སྒར་རྣམ་ཚང་དཔོན་སློབ་གྲྭ་ཚང་ཀུན།།

བཤད་པའི་སྡེ་དང་གྲུབ་པའི་རྣམ་འབྱོར་དབང་།།

སྔགས་གཞུང་སྒྲུབ་ཕྲིན་ཟབ་མོ་རིག་གནས་ཀུན།།

མཐུན་སྒོ་ཚང་འདིའི་ཐུགས་དྲིན་བརྗེད་ཐབས་ཅི།།

གཞིས་ཆགས་དག་ལ་སྡོད་གནས་དབུལ་སྐྱོང་དང་།།

ཆོས་སྡེ་ཁང་ལ་རིག་གཞུང་སླར་གསོ་བཅས།།

ལྷ་སྡེ་མི་སྡེའི་བསྟན་འགྲོ་ཡོངས་རྫོགས་ཀྱི།།

འཕྲལ་ཡུན་དགེ་བའི་ལས་དོན་འཁུར་དུ་བཞེས།།

ངེས་པ་དོན་བརྒྱུད་རབ་དཀར་རྒྱུད་པ་ཡི།།

སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འབྱུང་བའི་གནས།།

ས་ལ་བཀྲ་ཤིས་ལྗོངས་ཞེས་མཚན་པའི་གཞིར།།

ཕུན་ཚོགས་ཆོས་ཀྱི་གླིང་ཆེན་གཉིས་པ་བཙུགས།།

དེ་ན་བཤད་སྒྲུབ་སྔགས་ཀྱི་སྡེ་བཅས་ཀུན།།

ཕྱི་ནང་རྟེན་དང་བརྟེན་པ་ཐམས་ཅད་ཀྱང་།།

རྒྱལ་སྲས་སྤྱོད་པའི་རླབས་ཀྱིས་བསྒྱུར་བ་ཡི།།

བསྟན་པའི་སྣང་བ་དཀར་པོ་ཕྱོགས་ཀུན་བཀྱེ།།

ལྷོ་འབྲུག་ཡུལ་ན་བསྟན་པའི་ཆོས་རྒྱུན་དང་།།

རང་རེའི་ཆོས་སྡེ་གསར་རྙིང་རིས་མེད་ཀུན།།

དབང་ལུང་ཟབ་ཁྲིད་མན་ངག་བརྒྱུད་ལྡན་གྱིས།།

དམ་ཆོས་འོད་བརྒྱ་འབྱེད་པའི་ཕྲིན་ལས་རྒྱས།།

ནམ་རྒྱུན་འབྱུང་འཁྲུག་ཐུགས་དོགས་མི་མཛད་པ།།

ཆོས་ཕྱོགས་ལས་དོན་ཆེ་ཕྲ་ཐམས་ཅད་ཆེད།།

ཐུགས་སྟོབས་གང་ཡོད་སྐུ་སྲོག་མི་ལྟོས་པར།།

བསྟན་འགྲོའི་དོན་ལ་འབད་པ་གཤིས་སུ་གྲུབ།།

འབྲུག་ཡུལ་ཕོ་བྲང་ཡངས་རྩེ་གཟིམས་སྤྱིལ་དུ།།

ནམ་གུང་སྐུ་སྟོད་བསྲངས་ཏེ་བཞུགས་པ་ལས།།

ཞལ་མཇལ་གསུང་གི་ཐ་མ་བསྟན་མཛད་ནས།།

གཟུགས་སྐུ་མྱ་ངན་འདས་པའི་ཚུལ་བསྟན་ཏོ།།

ཕ་གཅིག་ཉི་མ་འདྲ་དེས་བསྐྱུར་བ་ཡི།།

ཤུལ་དུ་ལུས་པའི་འཁོར་སློབ་ཐམས་ཅད་ནི།།

སྔོན་ནས་མེ་ཤི་རྒྱབ་ནས་གོས་ཤོར་ཞིང་།།

མྱ་ངན་མུན་པ་ནག་པོའི་ཐང་སྟོང་ལྷུངས།།

ལྟོས་བཅས་འགྲོ་བའི་བསོད་ནམས་དཔལ་གྱི་རྟེན།།

བྱམས་ཆེན་བརྩེ་བས་ནམ་ཡང་མི་འདོར་རྟགས།།

ཐུགས་ཀྱི་གོང་བུ་མ་ཉམས་བཞག་པ་སོགས།།

ཕྲིན་ལས་འོད་ཀྱི་བསྟན་པ་སྲིད་མཐར་བསྐྱངས།།

དེ་ལྟར་རྣམ་པ་ཐར་པའི་མཛད་པ་འགའ།།

རིག་བྱེད་ཚིག་གི་འཕྲེང་བ་ལ་བསྟར་ནས།།

དད་མོས་གཤོག་ཟུང་རྐྱོང་བའི་བྷྲ་མ་ར།།

སྐྱབས་རྗེ་བདེ་བར་གཤེགས་པའི་སྤྱན་སྔར་འཕུར།།

འདི་བཟུང་ཚེ་རབས་ཚེ་འཕྲེང་ཀུན་ཏུ་ཡང་།།

རྗེ་བཙུན་མདོ་ཁམས་པ་ཡི་བསྟན་ཞབས་སུ།།

ཚུལ་གནས་ཐོས་བསམ་སྒོམ་ལ་བརྩོན་པ་ཡིས།། 

བླ་མའི་རྣམ་ཐར་སྐྱོང་ནུས་མཐུ་ཐོབ་ཤོག།                                           ཅེས་པ་འདི་ནི་སྐྱབས་མཆོག་མདོ་ཁམས་བརྒྱད་པའི་འདས་མཆོད་རྗེས་དྲན་སྐབས་སུ་གང་གི་མཚན་ཙམ་ཐོས་པའི་སྐལ་བ་ཅན་ཁམས་གྲྭ་ཆོས་དབྱིངས་རྒྱ་མཚོ་ནས་བྲིས་བ་དགེའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *