རྟེན་གསུམ་གྱི་ལོ་རྒྱུས་གཉིས་པ།
ཁྱོན་4214བཀླགས་འདུག
ཁམས་གྲྭ་བསོད་ནམས་དཔལ་བཟང་། གཉིས་པ། བྱེ་བྲག་ཁམས་སྒར་ཆོས་སྡེ་ཆེན་མོའི་རྟེན་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ནི། དང་པོ་སྐུ་རྟེན་གྱི་སྐོར་མདོར་བསྡུས་ནི། ༧དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་ཐོག་དང་པོའི་སྐབས་སུ་མགོན་མང་དངོས་གྲུབ་འབྱུང་བའི་དཀྱིལ་ཆོག་ཆེན་མོའི་ལྷ་ཚོགས་བཞེངས་གནང་མཛད་པའི་སྐབས་སུ། མགོན་མང་གི་ལྷ་ཕལ་ཆེར་བཞེངས་གྲུབ་ཅིང་བདུད་མགོན་ཏྲག་ཤད་ནག་པོ་བཞེངས་པའི་དུས་སུ་སྤྱན་འབྱེད་ཀྱང་བྱེད་ལོང་མ་བྱུང་བ་ཡེ་ཤེས་པ་དངོས་སུ་བརྟེན་ལ་ཐིམ་པར་གྲགས་པའི་ཐང་ནག་བྱིན་ལྡན་དང་། སྐུ་ཐོག་གསུམ་པའི་སྐབས་སུ་བཞེངས་བའི་སངས་རྒྱས་སྟོང་སྐུ་ཆེས་བྱིན་ལྡན་འདི་ལ། བཤད་ཚུལ་གཉིས་སྟེ་ཐུན་མོངས་དང་། ཐུན་མོངས་མ་ཡིན་པ་གཉིས་ལས་དང་པོ་ནི། ཀརྨའི་ལྷ་བཟོས་བཞེངས་པ་གྲགས་ཅིང་། ཐུན་མོངས་མ་ཡིན་པའི་བཤད་ཚུལ་ལྟར་ན། དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་ཐོག་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་གིས་དགོས་པ་དུ་མར་གཟིགས་ནས་གྲྭ་ཚང་རྣམ་ལ་དགོང་མོར་ས་མང་ཙམ་སྤུངས་དགོས་པའི་བཀའ་གསུང་སྩལ་ཀྱང་གྲྭ་བཙུན་ཚོས་ས་ཉུང་ཙམ་གཏོགས་སྤུངས་མ་ཐུབ། ཕྱིན་ཉིན་བླ་གྲྭ་ཀུན་གཟིགས་པར་ཕྱིན་དུས་ས་ཀུན་ཟངས་ས་ལེ་སྦྲམ་དུ་གྱུར་ཅིང་རྟེན་འབྲེལ་ལམ་ལྷོང་དུ་བྱུང་ན་སངས་རྒྱས་ཀྱི་སྐུ་དག་རྩེ་གྲུ་གང་རེ་བཞེངས་འཆར་མཛད་ཀྱང་རྟེན་འབྲེལ་ལམ་དུ་མ་ཕྱིན་པས་སངས་རྒྱས་སྟོང་སྐུ་དག་རྒྱལ་བ་མདོ་ཁམས་པ་ཆེན་པོའི་ཕྱག་མཐོ་གང་གི་ཚད་ལས་གྲུབ་པ་མི་མ་ཡིན་གྱི་ལྷ་བཟོས་བཞེངས་པར་བཤད། སྐུ་འདྲ་དེ་འགྲུབ་ལ་ཉེ་དུས་རྒྱལ་བ་མདོ་ཁམས་པ་ཆེན་པོ་མཆོག་གིས་དེ་རིང་སྒར་འགྲུལ་སུ་བྱུང་ན་སྐུ་གམ་དུ་གཏང་ཤོག་གསུང་ཀྱང་ཕྱི་དྲོའི་བར་དུ་སུ་ཡང་ཡོང་མཁན་མ་བྱུང་། ཕྱི་དྲོའི་དུས་སུ་བུད་མེད་ཅིག་ཐོན་སྟེ་བླ་མ་མཇལ་དགོས་ཞུས་ཀྱང་། དེ་སྐབས་སྒར་པའི་བསྒྲིགས་ལ་གཏོར་བསྔོས་ཟིན་ནས་བུད་མེད་སྒར་པའི་ནང་དུ་བཏང་སྲོལ་མེད་སྟབས་བུད་མེད་དེ་གྲྭ་བཙུན་ཚོས་ནང་དུ་གཏང་མ་མཛད། དགོང་མོ་བླ་མས་ཕྱག་མཛོད་ལ་འགྲུལ་པ་སུ་མ་བྱུང་ངམ་གསུང་པར། བུད་མེད་གཅིག་ཕྱི་དྲོར་ཐོན་སོང་ཀྱང་ནང་དུ་མ་བཏང་བའི་ལོ་རྒྱུས་ཞུས་པས། བྱ་བ་མ་བཟང་གསུང་ནས་ཁོང་གི་ཆབ་རྫེའུ་དེ་བསྐུར་ནས་དེ་བུད་མེད་དེ་ལ་གཏོད་གསུང་། ཕྱག་གཡོག་པ་རྗེས་དེད་སྐབས་སུ་བུད་མེད་དེ་མགར་སྐེ་ལ་ནས་འགྲོ་གི་ཡོད་པ་རྗེས་ཟིན་ཏེ་ཆབ་རྫེའུ་དེ་བུད་མེད་དེར་གཏད་པས་བུད་མེད་དེས་ཆབ་གཅིག་བཏང་ནས་ཕྱག་མཛོད་ལ་སྤྲད། ཕྱག་མཛོད་པས་བློ་རྩེ་གཉིས་བྱས་ནས་ཁུར་ཡོངས་སྐབས་ཇེ་ལྗི་ལ་སོང་བས་ཉོ་གསེར་ལྡིས་ཁུག་ནས་ཆབ་རྫེའུ་ཁ་ཕྱེས་པས་གསེར་ཕྱུར་སྟེ་ཆབ་རྫེའུ་ནང་ཉུང་ཙམ་ལས་མ་ལྷག་པས་སངས་རྒྱས་སྟོང་སྐུ་དག་གི་ཞལ་གསེར་མ་གཏོགས་མ་འདང་བའི་རྟེན་འབྲེལ་འཆུག་པས་སྐུ་གསེར་དག་དེའུ་དམར་དགེ་བཤེས་མཆོག་གིས་བཟོས་པའི་གསེར་འགྱུར་གྱི་རྩི་བཏང་གནང་བར་གྲགས། སྐུ་འདྲ་རྣམས་ལ་ཐིག་ཚད་མི་འདྲ་བ་ཁ་ཤས་ཡོད་པ་དག་ནི་ཐུབ་པ་ཆུ་མོན་མ་དང་། མུ་ཏིག་ཁྲི་ཤིང་ངམ་འོད་ཟེར་ཅན་མའི་དཔེ་སོགས་དང་མཚུངས་པ་རེེད་ཅེས་བཤད་སྲོལ་ཡོད་པ་རེད། སྐུ་དེ་དག་ཁ་ཤས་ལ་ཆེས་ངོ་མཚར་ཆེ་བའི་ལོ་རྒྱུས་མང་ཡང་ཐར་ཐོར་རེ་ཞུས་ན། སྔར་དུས་ལོག་ཉེའི་སྐབས་སུ་སྐུ་དེ་ཚོ་ཁ་ཤས་ནམ་མཁའ་ལ་འཕགས་པ་དང་། དུས་ལོག་སྟེ་སྐུ་གསུང་ཐུགས་རྟེན་དག་དགོན་པ་ནས་གཏོར་བཤིག་ཚབ་ཆེན་བྱས་དུས་སླར་ཡང་བེ་རི་བའི་དུད་ཚང་ཞིག་གི་སངས་རྒྱས་སྟོང་སྐུའི་གྲས་སྐུ་འདྲ་འགའ་ལག་ལ་ཕོགས་སྐབས་དུས་ཚོད་འདྲ་མིན་དེ་སྐབས་སུའང་འཕགས་པ་ནི་དེར་ཡོད་ཀུན་གྱི་སྤྱོད་ཡུལ་དུ་གྱུར། དེ་དག་ལ་ཁྲི་རྒྱབ་ཡོལ་ཧ་ཀྱང་སྤུས་ཚད་དང་ལྡན་པ་དེ་རྒྱལ་བ་མདོ་ཁམས་པའི་སྐུ་རབས་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མས་བཞེངས་པར་མཛད། རྒྱལ་ཡོལ་ནང་དུ་དང་པོ་སེམས་བསྐྱེད་ཚུལ་གསེར་བྲིས་དང་། ཁྲིའི་འོག་ཏུ་ཡབ་ཡུམ་སྲས་གསུམ་རིམ་གྲོ་བ་སོགས་ཀྱི་ཚིགས་བཅད་གསེར་བྲིས། ཁྲི་རྩེ་ཁྲུ་གང་། རྒྱབ་ཡོལ་རྩེ་གྲུ་གང་བ་བཅས་དང་། སྐུ་ཐོག་གསུམ་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཏེར་ནས་བཞེས་པར་གྲགས་པའི་གཏེར་གུར་མཐོང་གྲོལ་ཆེན་མོ་འམ་གུར་ཆེན་བཀྲ་ཤིས་འོད་འབར་ལ་བཤད་སྒྲོས་སྣ་ཚོགས་ཤིག་ཡོད་འདུག ཁ་ཤས་ཀྱིས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མང་ཡུལ་གུང་ཐང་ལ་ཁར་མན་ངག་སྙིང་གི་ནོར་བུ་ལྟ་བུ་བདུན་གནང་སའི་གུར་དེ་འཛམ་གླིང་གེ་སར་རྒྱལ་པོས་གཏེར་ནས་བཞེས་ཤིང་ལས་གུར་མཐོང་བ་ཀུན་སྨོན་ཞེས་གྲགས་པ་དེ་རྗེ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་ལ་རྨ་རྒྱལ་སྤོམ་རས་ཕུལ་བ་རེད་ཅེས་ཀྱང་བཤད། ཡང་ཁ་ཤས་ཀྱིས་ཧོར་གྱི་ཚོང་པ་ཁ་ཤས་ཀྱི་རས་ཕུལ་ནས་སྤྲུལ་པའི་བཟོ་བོས་བཞེངས་པ་རེད་ཅེས་ཀྱང་གླེང་གང་། ལྟར་བཟོ་བཀོད་དྲས་གྲུབ་སོགས་ལ་ལྟས་ན་ཕལ་པའི་ནོར་ཞིག་མིན་པ་ནི་མངོན་གསལ་རེད། དེ་ལྟ་བུའི་ཁམས་པའི་གུར་མོ་ཆེ་དེ་ནི་བཟང་གོས་རིན་ཐང་དང་བྲལ་བ་སྣ་ཚོགས་དྲས་དྲུབ་ལས་བཟོས་པའི་བླ་རེ་བཀོད་ཆེན་རབ་འབྱམས་ལྷུན་གྲུབ་ལིང་། ༼༦༽བཟང་གོས་ཡོལ་བ་ཕྱོགས་མདོག་ཅན་ལིང་། ༼༧༽པདྨ་དང་ནོར་བུའི་དྲྭ་ཕྱེད་ཉིས་རིམ་ཅན་བཟང་གོས་སྣ་ཚོགས་ཀྱི་འཚེམ་བཟོས་གུར་ནང་ཁོར་ཡུག་ཀུན་ཏུ་ཁྱབ་པའི་ཡིད་འཕྲོག་གི་བཀོད་པ་འདྲེན་བྱེད་ཀྱི་དཔྱིད་དུ་གྱུར་པ་དེའི་འོག་ཏུ་ཚུད་ཚད་ལས་སྒྲིབ་དག་པར་འགྱུར་བ་དང་། གུར་དེའི་ཆབ་ཀྱི་ཐིགས་པ་ཕྲ་མོས་ཀྱང་ནད་གདོན་སོགས་ལ་ཕན་པ་དངོས་མཐོང་ལག་ཟིན་གྱི་ལོ་རྒྱུས་ཡང་ཡོད་པ་རེད། རྗེ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སྐུ་འདྲ་གསུང་འབྱོན་ཞྭ་ཕུད་མར་གྲགས་པ་གསེར་ཟངས་ལས་གྲུབ་པ་བྱིན་ལྡན། ཐུབ་པ་བྱིས་དྲོད་མ་ཞེས་གྲགས་པའི་རྟེན་ཁྱད་འཕགས་གཙོས་པའི་སྐུ་ཆེ་ཆུང་དག་ནི་ཆེས་མང་ངོ་། །
སྐུ་ཐོག་གསུམ་པའི་སྐབས་སུ་བཞེངས་མཛད་པའི་དཀར་བརྒྱུད་གསེར་འཕྲེང་གི་ཞལ་ཐང་བྱ་གསུམ་གྲགས་མ་ཞེས་ཐང་ག་རེ་ལ་ལོ་གསུམ་རེ་འགོར་བར་གྲགས་པའི་མཚོན་མདངས་རི་མོ་སོགས་སྒྲོས་གཙང་སྤུས་ཀ་ལེགས་པ་གྲངས་༤༨ སྤྲུལ་པའི་ལྷ་བཟོར་གྲགས་པའི་ཆོས་བཀྲ་ཤིས་ཀྱིས་བཞེངས། ད་དུང་གནས་བཅུའི་ཞལ་ཐང་གྲྭ་ཚར་༢༥དང་ཡང་གནས་བཅུའི་ཞལ་ཐང་༢༠བཅས་དང་། ཀུན་མཁྱེན་པདྨ་དཀར་པོའི་སྐྱེ་འཕྲེང་ཆོས་བཀྲ་ཤིས་ཀྱི་བཞེངས་པའི་ཞལ་ཐང་གྲྭ་ཚར་༡༥དང་ཆོས་བཀྲ་ཤིས་ཀྱི་བཞེངས་བའི་ངག་དབང་ཀུན་དགའ་བསྟན་འཛིན་གྱི་རྣམ་ཐར་ཆུ་ཟླའི་རོལ་གར་ཐང་ཤལ་༩སོགས་མདོར་ན་བླ་མ་ཡི་དམ་ཆོས་སྐྱོང་གི་ཞལ་ཐང་ཁྱད་པར་དུ་འཕགས་པ་ཁྱོན་སྡོམ་༤༢༡བཅས་ཡོད་པ་རེད། གཞན་ཡང་དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་རབས་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་གསེར་གདུང་དུས་འཁོར་ཡེ་ཤེས་མཆོད་རྟེན་དང་། དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་རབས་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མའི་གདུང་རྟེན་རེག་པ་མེད་པའི་དུ་བའི་མཆོད་རྟེན་གསེར་དངུལ་བཀྲ་མ་འདོམ་གང་ལྷག རྒྱལ་བ་མདོ་ཁམས་པའི་སྐུ་རབས་ལྔ་པ་རྗེ་བཙུན་སྒྲུབ་བརྒྱུད་ཉི་མ་དང་སྐུ་རབས་དྲུག་པ་མི་ཕམ་བསྟན་པའི་ཉི་མའི་གསེར་གདུང་གཉིས་ཁྲ་རྒྱན་སྤུས་ལེགས་ཐོག་སོ་གསུམ་ཅན།སྲས་བསྟན་འཛིན་གྱི་གསེར་གདུང་ཁྲུ་གང་བ། ཁམས་སྒར་བྱེས་ཀྱི་སྒྲུབ་སྡེའི་རྟེན་གཙོ་དྭགས་པོ་ང་འདྲ་མ་ཆེས་བྱིན་ལྡན། རྒྱལ་བ་མདོ་ཁམས་པའི་སྐུ་རབས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གི་རྟོགས་ལྡན་ཕྲིན་ལས་བློ་གྲོས་སོགས་ཀྱི་ངོར་བཞེངས་པའི་རྡོ་རྗེ་ཕག་མོ་བར་སྣང་ལ་བཞུགས་པ་ངོ་མཚར་ཅན། རྒྱལ་བ་མདོ་ཁམས་བརྒྱད་པ་མཆོག་ཐུགས་དམིགས་པ་མེད་པའི་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གང་བའི་བརྡ་མཚོན་དུ་སྐུ་གདུང་མཆོད་རྟེན་གྱི་བུམ་སྒོ་ནས་བྱང་ཆུབ་ཀྱི་ཤིང་གི་སྡོང་བུ་ལོ་འདབ་སོགས་རྣམ་པར་བཀྲ་བ་ཕལ་བའི་བློ་ལས་འདས་པའི་ངོ་མཚར་བལྟམས་པ། ཁམས་སྒར་གཞིས་ཀྱི་སྒྲུབ་སྡེ་ནང་རྗེ་མི་ལའི་རྡོ་སྐུ་ཆེས་བྱིན་ལྡན་བཅས་པས་མཚོན་སྐུ་རྟེན་རྙིང་སོང་བྱིན་ལྡན་གྱི་གྲས་ཤིན་ཏུ་མོད་ཀྱང་རེ་རེ་བཞིན་འབྲི་བའི་རྔོ་མ་ཐོགས་སོ། །དུས་ཀྱི་འཕོ་འགྱུར་གྱི་དབང་གིས་གཞིས་ཀྱི་ཁམས་སྒར་ཆོས་སྡེའི་ཕྱི་ནང་བར་གསུམ་གྱི་རྟེན་དང་རྟེན་པ་རྣམས་ཁ་ཤས་ནི་མིང་ཙམ་དང་ཁ་ཤས་ནི་ཤུལ་ཙམ་ལས་མེད་པར་བཟོས་སོང་ནའང་། རྒྱལ་བ་མདོ་ཁམས་བརྒྱད་པའི་སྐུ་དབོན། ཡང་དར་བསྟན་པའི་སྣང་བྱེད་ཆེན་པོ་ངག་དབང་སྙན་གྲགས་རྒྱ་མཚོ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་མཆོག་དང་རྗེ་གོང་མའི་ཞལ་ཏ་བ་འབྲོང་སྤྲུལ་ངག་དབང་བློ་གྲོས་ཤུལ་ལྷག་གི་གྲྭ་རྒན་རྣམ་པའི་བླ་ན་མེད་པའི་ཐུགས་བསྐྱེད་དང་བདག་རྐྱེན་ལ་བརྟེན་ནས་སྤྱི་ལོ་༡༩༨༠ ལོར་ཕྱིའི་གཙུག་ལག་ཁང་དང་། རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རྟེན་གསེར་ཟངས་ལས་གྲུབ་པ་ཐོག་སོ་གཉིས་ཅན་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུ་གསེར་ཟངས་ཐོག་སོ་གཉིས་ཅན། འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་གསེར་གདུང་ཐོག་སོ་གཉིས་ཅན། རྒྱལ་བ་མདོ་ཁམས་བརྒྱད་པའི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་སོ་གཅིག འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་སོ་གཅིག རྒྱལ་བ་མདོ་ཁམས་བརྒྱད་པ་རིན་པོ་ཆེའི་གསེར་གདུང་ཁྲ་རྒྱན་སྤུས་ལེགས་འདོམ་གང་ལྷག་ཙམ་ཅན། རྡོ་རྗེ་འཆང་ནས་མདོ་ཁམས་དགུ་པ་རིན་པོ་ཆེའི་བར་གྱི་དཀར་བརྒྱུད་གསེར་འཕྲེང་གསེར་ཟངས་ལས་གྲུབ་པ་ཁྲུ་དོ་ཅན། སྐུ་གདུང་ཆ་བརྒྱད་གསེར་ཟངས་ལས་གྲུབ་པ་ཁྲ་རྒྱན་སྤུས་ལེགས་ཅན། ཡི་དམ་རྡོ་རྗེ་ཕག་མོ་དངུལ་རྐྱང་ལས་གྲུབ་པ་འདོམས་གང་ལྷག སྐུ་དབོན་རིན་པོ་ཆེས་གསར་དུ་བཞེངས་གནང་བའི་བཤད་གྲྭ་ལྷ་ཁང་ནང་གསེར་ཟངས་ལས་གྲུབ་པའི་རྟེན་གཙོ་ཐུབ་པའི་དབང་པོ་འདོམ་གང་། མཆོག་ཟུང་གཉིས་དང་། རྒྱལ་ཆེན་བཞི་ཁྲུ་གང་ལྷག རྒྱུ་དེ་མཚུངས་ཀྱི་གནས་བརྟན་བཅུ་དྲུག་ཁྲུ་དོ་ཅན་བཅས་བཞུགས་ཡོད། རྒྱལ་བ་མདོ་ཁམས་པའི་ཕྲིན་ལས་ཀྱི་བྱེད་པོ། མཚུངས་མེད་འཁོར་ལོའི་མགོན་པོ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གསར་དུ་བཞེངས་པའི་ཚོགས་ཞིང་ལྷ་ཁང་དང་། དེའི་ནང་རྒྱལ་བ་དཀར་བརྒྱུད་པའི་ཚོགས་ཞིང་ལྷ་ཚོགས་བླ་མ་ཡི་དམ་ཆོས་སྐྱོང་གི་སྐོར་ཆ་ཚང་ལ་གཡས་སུ་སྟོན་པ་མཆོག་ལ་བདེ་གཤེགས་སོ་ལྔས་བསྐོར་བ། གཡོན་དུ་ཐུགས་རྗེ་ཆེན་པོ་ལ་ཉེ་བའི་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བ། མདུན་དུ་འཁོར་ལོ་བདེ་མཆོག་ལ་ཕ་བརྒྱུད་མ་བརྒྱུད་གཉིས་མེད་ཀྱི་རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་ཀྱིས་བསྐོར་བ། བར་མཚམས་རྣམས་སུ་དཔལ་འབྲུག་པའི་འཕྲལ་དགོས་ཆོས་བཞི་དང་། སྒྲུབ་ཐབས་སྐོར་ལྔའི་ལྷ་ཡོངས་རྫོགས་དང་ཆོས་སྐྱོངས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པས་གཙོས་པའི་ཁམས་སྒར་ཆོས་སྡེ་ཆེན་མོའི་བསྐང་གསོལ་ནང་དུ་འཁོད་པའི་བཀའ་སྲུང་ཡོད་དོ་ཅོག་གིས་གང་བ། སྟེང་དང་བར་མཚམས་རྣམས་སུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་ཉེར་གཅིག རྒྱལ་བ་མདོ་ཁམས་པའི་འཁྲུངས་རབས་གསོལ་འདེབས་ཆོས་དབྱིངས་ཡེ་ཤེས་ནང་གི་བླ་མ་ཡོངས་རྫོགས། རྒྱབ་ཏུ་ཡུམ་ཆེན་མོ་ལ་གསུང་རབས་ཀྱི་གླེགས་བམ་མང་པོས་བསྐོར་བ་སོགས་མདོར་ན་ཕྱག་ཆེན་སྔོན་འགྲོའི་ངག་འདོན་ནས་བྱུང་བའི་ཚོགས་ཞིང་གི་ལྷ་ཚོགས་ཡོངས་རྫོགས་རྒྱས་ཚང་དང་ངོ་མཚར་རྨད་དུ་བྱུང་བའི་བཀོད་པ་བཅས་ཡོད།
ལོ་ཉེར་བཞིའི་ལྷག་ལ་ལྷ་ཁང་སེར་འཇའ་མ་དང་རྟེན་གསུམ་ལ་གོད་ཆག་མ་བྱུང་ཡང་སྤྱི་ལོ་༢༠༡༤ བོད་ཟླ་༦ ཚེས་ཉིན་དྲི་གཙང་ཁང་དང་རྟེན་གསུམ་ལ་འཐོར་ཞིག་ཅུང་ཙམ་བྱུང་བ་ན་ལྷ་ཁང་ལ་ཉམ་གསོ་དང་། ད་ལྟ་བཞེངས་བཞིན་པ་རྟེན་གསུམ་གྱི་གཙོ་བོ་མ་ཧ་བྷོ་དྷི་མཆོག་མཐོ་ཚད་སྨིས་༡༣བླུག་སྐུ་ཆེས་སྒྲོས་གཙང་། གཙོ་བོ་སྤྱན་རས་གཟིགས་དང་རྒྱབ་ཡོལ་ལ་ཉེ་སྲས་བདུན་གྱིས་བསྐོར་བ་དང་། གཙོ་བོ་གུ་རུ་ལ་རྒྱབ་ཡོལ་ནང་མཚན་བརྒྱད་ཀྱིས་བསྐོར་བའི་སྐུ། གཙོ་བོ་རྒྱལ་བ་མདོ་ཁམས་བརྒྱད་པ་རིན་པོ་ཆེ་ལ་རྒྱབ་ཡོལ་ནང་མདོ་ཁམས་པའི་སྐུ་རབས་བདུན་གྱིས་བསྐོར་བའི་སྐུ་བཅས་ཐོག་སོ་གཉིས་ཅན་ཟངས་གསེར་ལས་གྲུབ་པ་ཤིན་ཏུ་སྒྲོས་གཙང་། རྒྱལ་བ་མི་འཁྲུགས་པའི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་སོ་གཅིག་ཅན་ཆེས་སྤུས་ལེགས། ད་དུང་བྱམས་ཆེན་གྱི་སྐུ་ཟངས་གསེར་དང་། སྒྲོལ་མའི་སྐུ་སོགས་བཞེངས་བཞིན་པ་དང་བཞེངས་ཟིན་པ་བཞེངས་འཆར་ཡོད་པ་ནི་ཅི་རིགས་ཤིག་མཆིས་ཀྱང་རེ་རེ་ནས་འབྲི་བར་མ་ལོང་ནས་དེ་ཙམ་གྱིས་འཐུས་པར་བྱས་པ་ཡིན། སྤྱིར་མཆོད་རྟེན་ནི་ཐུགས་རྟེན་གྱི་ཁོངས་སུ་བསྡུ་བར་མང་ཡང་རང་ལུགས་ལ་སྐུ་རྟེན་གྱི་ཁོང་སུ་བསྡུ་དགོས་སྟེ་མཁས་པའི་དབང་པོ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་ཞལ་ནས། སྐུ་གསུང་ཐུགས་ཀྱི་རྟེན་དབྱེ་བར། །ཞལ་དང་ཕྱག་གི་རྣམ་པ་ཅན། །གཙུག་ལག་ཁང་དང་མཆོད་རྟེན་སོགས། །སྐུ་ཡི་རྟེན་དུ་ངེས་པར་ཡིན། ཞེས་དང་། འགའ་ཞིག་མཆོད་རྟེན་ཐུགས་རྟེན་དུ། །བཞེད་ཀྱང་གན་དྷོ་ལར་གཏོགས་ཕྱིར། །སྐུ་རྟེན་རྣམ་སྣང་རིགས་སུ་གཏོགས། ཅེས་གསུང་སོ།།
གཉིས་གསུང་རྟེན་གྱི་སྐོར་ནི། རྒྱལ་བའི་བཀའ་འགྱུར་པར་མ་འདྲ་མིན་ཚར་བཞི། མདོ་བསྐལ་གསེར་གསུམ་སོགས་མདོའི་སྐོར་པོད་༢༠༠ ཙམ་དང་བསྟན་འགྱུར་ཚར་གཉིས་རང་ལུགས་འབྲུག་པ་དཀར་བརྒྱུད་ཀྱི་སྟོད་སྨད་བར་གསུམ་གྱི་མཁས་གྲུབ་རྣམས་པའི་གསུང་འབུམ་དང་། ཀཾ་ཚང་འབྲི་གུང་འབའ་རོམ་སྟག་ལུང་ཡེར་པ་སོགས་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ། ས་དགེ་རྙིང་མ་ཇོ་ཞལ་བོ་དོང་ཞི་བྱེད་སོགས་དམ་པའི་མཁས་གྲུབ་མང་པོའི་གསུང་འབུམ་ལ་གླེགས་ཤིང་གླེགས་ཐག་དྲིལ་ཚར་ཆ་འཛོམས་སྟོང་ཕྲག་ཕྱེད་གཉིས་ལྷག་ཙམ་ལག་རིས་མ་སྐུ་ཐོག་གསུམ་པའི་སྐབས་སུ་གསར་བཞེངས་གནང་བ་དང་། རྗེས་སོར་སྡེ་དགེ་པར་ཁང་སོགས་ཕྱོགས་སོ་སོ་ནས་དཔེ་ཆ་འཚོལ་བསྒྲུབ་མཛད་པའི་མདོ་ཁམས་ན་མིག་དཔེར་འོས་པའི་དཔེ་མཛོད་ཁང་ཆེན་མོ་དང་། ཤིང་པར་གི་སྐོར་ཡང་ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་ཆ་ཚང་དང་། བཀའ་དང་བསྟན་བཅོས་འདོན་ཆོག་གི་སྐོར་སོགས་པར་ཤིང་༣༠༠༠༠ལྷག་ཙམ་ཡོད་པ་རེད། གསེར་རྡོར་དང་དངུལ་རྡོར། གཏེར་སྟོན་བཟང་པོའི་རྡོ་རྗེའི་ཕྱག་དྲིལ་གྲགས་པའི་བཟང་རྡོར། གངས་དཀར་ཆོས་སྡེ་དང་། རྫ་དམར་བྱམས་ཆེན་ཞེས་གྲགས་པའི་མིང་ཡོད་དང་མིང་མེད་ཀྱི་ཕྱག་དྲིལ་རྒྱ་དང་ཧོར་ནས་ཐོན་པའི་སྤུས་ལེགས་ཅན་༢༠༠ལྷག བྱ་ནམ་མཁའ་ལྡིང་གི་རྒྱ་མཚོ་ནས་ཁྱེར་བར་གྲགས་པའི་སིལ་སྙན་བྱའི་སྡེར་མོའི་རྗེས་ཅན་སིལ་སྙན་བྱ་འཕུར་མ་དང་། འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཕྱག་སིལ། རྒྱལ་ཆེན་རྣམ་སྲས་ཀྱི་རྟེན་རྫས་སུ་གྲགས་པའི་ཧོར་སྦུབ་རྙིང་པ་རྒྱུ་སྤུས་ཤིན་ཏུ་བཟང་བ་ལྟག་ར་མདོ་དང་། རྒྱུ་སྤུས་དེ་མཚུངས་ཀྱི་གོ་འཇོ་མདོ་དྲུག་ནས་རྒྱལ་པོ་པེ་ཧར་གྱིས་སྤྲུལ་པའི་བན་རྒན་ཞིག་ནས་ཕུལ་བར་གྲགས་པའི་མདོ་དྲུག་དང་། བསྟན་པ་རྒྱས་བྱེད་དང་། དབང་མོ་རྒྱས་བྱེད། འགྲན་པ་ཟླ་བྲལ། རྡོ་རྫོང་། ཤིང་ཁ་སོགས་རོལ་སིལ་རྙིང་སོང་སྤུས་ལེགས་བཅས་པས་མཚོན་གསུང་གི་རྟེན་ཡང་ཆེས་མང་ངོ་། རོལ་མོ་དང་སིལ་སྙན་ཌ་རུ་སོགས་ནི་གསུང་རྟེན་གྱི་ཁོངས་སུ་བསྡུ་དགོས་སྟེ། དེ་ཡང་མ་ཧ་པཎྜི་ཏ་དེའུ་དམར་དགེ་བཤེས་མཆོག་གི་ཞལ་ནས། པོ་ཏི་བགྲང་འཕྲེང་དྲིལ་བུ་སོགས། །རོལ་མོའི་བྱེ་བྲག་གསུང་རྟེན་ཡིན། །ཞེས་གསུང་སོ།
གསུམ་པ་ཐུགས་རྟེན་གྱི་སྐོར་ནི། ཁམས་སྒར་ཆོས་སྡེ་ཆེན་མོའི་རྟེན་གསུམ་གྱི་གཙོ་གྲས་ཕྲིན་ལས་མགོན་པོ་གྲགས་པའི་ཕུར་པ་བྱིན་ལྡན། རྒྱུ་རྫྷི་ཁྱིམ་ལས་གྲུབ་པའི་ཁྲོ་ཕུར་སྤུས་ལེགས། ལས་མགོན་བྱ་རོག་གདོང་ཅན་གྱི་ཕྱག་མཚན་དངོས་མར་གྲགས་པའི་གྲི་གུག གུ་རུ་དྲག་པོའི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ། གཞན་ཡང་མཚན་ཡོད་པ་དང་མཚན་མེད་པའི་ཕུར་པ་དང་རལ་གྲི་སོགས་ཐུགས་རྟེན་གྱི་སྐོར་ཡང་མང་ངོ་། རལ་གྲི་དང་གྲི་གུག་ཕུར་པ་སོགས་ནི་ཐུགས་རྟེན་ཡིན་ཏེ། དེ་ཡང་མཁས་པའི་དབང་པོ་དེའུ་དམར་དགེ་བཤེས་མཆོག་གིས། རྡོ་རྗེ་གྲི་གུག་རལ་གྲི་སོགས། །ཕྱག་མཚན་ཕལ་ཆེར་ཐུགས་རྟེན་ནོ། །ཞེས་གསུང་སོ། དེ་ལྟར་རྟེན་གསུམ་གྱི་ལོ་རྒྱུས་ཉུང་ངུ་འདི་ལ་ནོར་འཁྲུལ་གྱི་རིགས་དང་། འགལ་དང་མ་འབྲེལ་ཉེས་སྐྱོན་གྱི་ཚོགས་ཡོད་པ་སྨོས་མེད་ལགས་ན་ལྷག་དོར་ཆད་འཐུད་གྱི་རིགས་ནི་མཁྱེན་དཔྱོད་ཡངས་པའི་མཁས་དབང་ཚོས་མཛད་རོགས་ཅེས་སྙིང་ནས་གསོལ་བ་འདེབས་པ་ལགས་སོ།།
སླར་སྨྲས་པ།
འདིར་འབད་རྣམ་པར་དཀར་བའི་ཆ་མཆིས་ན། །
དཔལ་ལྡན་བླ་མའི་སྐུ་ཚེ་ཡུན་དུ་བརྟན། །
རླབས་ཆེན་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ། །
བསྟན་པ་དྲི་མེད་ཡུན་དུ་གནས་ཕྱིར་བསྔོ།།
བསམ་ཚུལ་ཕྲིས།