རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར།

ཁྱོན་6791བཀླགས་འདུག

ཁམས་གྲྭ་བསོད་ནམས་དཔལ་བཟང་། གསུམ་པ་བྱེ་བྲག་རྟེན་གསུམ་གྱི་མཚོན་དོན་བཤད་པ་ལ། ཐོག་མར་རྡོ་རྗེའི་མཚོན་དོན་ནི། མཚོན་བྱ་དོན་གྱི་རྡོ་རྗེ་དང་། མཚོན་བྱེད་དཔེ་ཡི་རྡོ་རྗེ་གཉིས་ལས། དང་པོ་ནི།

རྡོ་རྗེ།

གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དང་དེའི་རྟོགས་བྱའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་དོན་གྱི་རྡོ་རྗེ་ཞེས་བྱ་སྟེ། དཔལ་མཉམ་སྦྱོར་ཆེན་པོའི་རྒྱུད་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། ཅེས་གསུང་སོ། གཉིས་པ་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ལ། རྒྱུ། དབྱིབས། ཚད། དབྱེ་བ། མཚོན་དོན་དང་ལྔ་ལས། དང་པོ་ནི། གསེར་དང་། དངུལ། ཟངས། རག་ལི། ལྕགས། རྡོ། ཤིང་སོགས་གང་ཡང་རུང་བས་བཟོ་རུང་སྟེ། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཞི་རྒྱས་དང་ནི་མངོན་སྤྱོད་ཀྱི། །རྡོ་རྗེ་དག་ནི་ཐམས་ཅད་ཀྱང་། །གསེར་ལ་སོགས་པས་ལེགས་པར་བརྡུང་། །ཞེས་གསུང་སོ། ། གཉིས་པ་དབྱིབས་ནི། རྡོ་རྗེ་ཀུན་གྱིས་ཡང་དག་བརྒྱན། །ཆ་གསུམ་དུ་ནི་བཟུང་ནས་སུ། །ཆ་བརྒྱད་སྐ་རགས་ལེགས་པར་བརྒྱན། ཅེས་དང་། རྩེ་མོ་ཀུན་གྱི་དབུས་མ་ཟླུམ། །ཕྱོགས་སོ་རྩེ་མོ་འདུས་པས་གནས། ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། ཆ་གསུམ་གསལ་བ་བཟུང་བ་ལ། །སྐ་རགས་ཀྱིས་ནི་ཤིན་ཏུ་བརྒྱན། །ཨུཏྤལ་ཀུ་མུ་ད་ལྟར་མཛེས། །རིན་ཆེན་པདྨ་ཡང་དག་གནས། །ཕྱོགས་ལ་སོགས་པ་བརྒྱད་དང་ནི། །དབུ་མའི་སངས་རྒྱས་ཉིད་དང་དགུ །རྩེ་མོ་དགུ་ཡི་ལྷ་ཉིད་དང་། ཞེས་གསུང་སོ། གསུམ་པ་རྡོ་རྗེའི་ཚད་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་གསུམ་འདོད། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །དེ་དག་ལ་ནི་སེངྒེའི་སྣ། །ནས་ཕྱེད་ཙམ་དུ་མཐོ་བར་བྱ། །མཆེ་བ་ཡི་ནི་མཐར་གནས་པ། །དེ་ནི་དྲུག་ཆ་ཞེས་བྱར་གྲགས། །ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུར་དགུར་འདོད། །ཆ་གསུམ་བླ་མའི་ཐ་མ་ནི། །སྟེང་གི་ཆ་གཉིས་སྤངས་ནས་ནི། །དབུས་ཀྱི་མཐའ་ཡང་དེ་བཞིན་ནོ། །འདབ་མ་ལ་ནི་གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་སྟེ། །དེ་ཡི་ཕྱེད་དུ་སྐ་རགས་འདོད། ཅེས་གསུང་སོ། བཞི་པ་དབྱེ་བ་ནི། རྡོ་རྗེ་རྩེ་མོ་གཅིག་པ། རྩེ་གསུམ་པ། རྩེ་ལྔ་པ། རྩེ་དགུ་པ། རྩེ་མོ་བཅུ་པ། རྩེ་མོ་ཉེར་ལྔ་པ་སོགས་ཡོད་པར་མངོན་སྟེ། དཔལ་ནག་པོ་ཆེན་པོ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྡོ་རྗེ་རྩེ་གཅིག་པ་དང་ནི། །རྩེ་གསུམ་ཉི་ཤུ་རྩ་ལྔའི་བར། །དུ་མ་རྣམ་པར་འཕྲོས་ནས་ནི། ཞེས་གསུང་སོ། ལྔ་པ་མཚོན་དོན་ནི། རྡོ་རྗེ་རྩེ་དགུ་པའི་སྟེང་གི་དབུས་རྭ་སངས་རྒྱས་མི་བསྐྱོད་པ་མཚོན་བྱེད་དང་། ཕྱོགས་བཞི་རྭ་བཞིའི་རྣམ་སྣང་རིན་འབྱུང་འོད་དཔག་མེད་དང་དོན་གྲུབ་སྟེ་རྒྱལ་བ་རིགས་བཞི་དང་། མཚམས་བཞིའི་རྭ་བཞི་སྤྱན་མ་དང་། མ་མཱ་ཀི གོས་དཀར་མོ། དམ་ཚིག་སྒྲོལ་མ་སྟེ་ཡུམ་བཞི་དང་། འོག་གི་དབུས་རྭ་རྡོར་སེམས་དང་། ཕྱོགས་མཚམས་ཀྱི་རྭ་བརྒྱད་སྤྱན་རས་གཟིགས་དང་། བྱམས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ཕྱག་རྡོར། འཇམ་དབྱངས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ་སྟེ་ཉེ་སྲས་བརྒྱད་མཚོན་བྱེད་ཡིན་སྟེ། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །རྡོ་རྗེའི་བློས་ནི་ཤེས་པར་བྱ། །ཞེས་དང་། ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུས་མ་ཉིད་དང་སངས་རྒྱས་དགུ །ལྷ་དགུ་ཡིས་ནི་བྱིན་གྱིས་རླབས། ཞེས་གསུང་སོ།

དྲིལ་བུ།

གཉིས་པ་དྲིལ་བུའི་མཚོན་དོན་བཤད་པ་ལ། དྲིལ་བུའི་རྒྱུ་དང་། དབྱིབས། ཚད་དང་། དབྱེ་བ། མཚོན་དོན་དང་ལྔ་ལས། དང་པོ་ནི། གསེར་དང་། དངུལ། ཟངས། འཁར་བ། ལྕགས། ལི་སོགས་ཀྱི་བཟོ་རུང་བ་ཡིན་སྟེ། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཀུན་ལའང་འཁར་བའམ་ཡང་ན་ནི། ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ། ཞེས་གསུང་སོ། གཉིས་པ་དབྱིབས་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། དེ་ནས་དྲིལ་བུའི་མཚན་ཉིད་ཀྱི། །ཆུ་ཞེང་ལ་སོགས་བཤད་པར་བྱ། །རིན་ཆེན་སྣ་ཚོགས་འབར་བ་དང་། །རྡོ་རྗེའི་སྐ་རགས་ཕྲེང་གཉིས་བྱ། །ཤེལ་སྒོང་དྲི་མ་མེད་པ་ལྟར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཆ་གསུམ་མཚན་ཉིད་ལྡན་པ་ལ། །རྡོ་རྗེ་ལ་སོགས་མཚན་མས་བརྒྱན། །དབུས་ཀྱི་ཁོག་པ་ཟབ་པ་དང་། །ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས། །དེ་ནས་པདྨ་རིན་ཆེན་དང་། །ཨུཏྤལ་ཀུ་མུ་ད་ཡིས་བརྒྱན། །ཕྱོགས་དང་ཕྱོགས་མཚམས་ཆ་བརྒྱད་དུ། །ལྷ་མོ་ལ་སོགས་བརྒྱད་དུ་གྲགས། །དེ་ཡི་སྟེང་དུ་ལྷ་མོ་ནི། ས་བོན་བརྒྱད་ལས་བསམ་པར་བྱ། ཞེས་གསུང་སོ། །སྟེང་གི་པད་འདབ་ཀྱི་ལྷ་མོ་བརྒྱད་ཀྱི་ས་བོན་རིམ་པ་ནི། །ཤར་དུ་སྒྲོལ་མའི་ས་བོན་ཡི་གེ་ཏཱཾ་དང་། དེ་ནས་གཡོན་བསྐོར་གྱིས་བྱང་དུ་གོས་དཀར་མོའི་ས་བོན་པཱཾ་དང་། ནུབ་ཏུ་མཱ་མ་ཀཱིའི་ས་བོན་མཱཾ་དང་། ལྷོ་རུ་སངས་རྒྱས་སྤྱན་མའི་ས་བོན་ལཱཾ་དང་བཞི་འགོད་པ་དང་། མཚམས་བཞིའི་ཤར་ལྷོ་ནས་གཡས་བསྐོར་གྱིས་དང་པོར། ནོར་འཛིན་མའི་ས་བོན་བཾ་ཡིག་དང་། ལྷོ་ནུབ་ཏུ་ཙནྡ་མའི་ས་བོན་ཙུཾ་དང་། ནུབ་བྱང་དུ་ཁྲོ་གཉེར་ཅན་མའི་ས་བོན་བྷྲིཾ་དང་། བྱང་ཤར་དུ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་མཾ་རྣམས་འགོད་དགོས་པ་ཡིན་སྟེ། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཤར་ཕྱོགས་སུ་ནི་སྒྲོལ་མ་སྟེ། །དེ་བཞིན་བྱང་དུ་གོས་དཀར་མོའོ། །ནུབ་ཏུ་བདག་མོའི་མིང་ཅན་ཏེ། །ལྷོ་རུ་སངས་རྒྱས་སྤྱན་ཞེས་བྱ། །མདོག་མཛེས་སྦྲང་རྩི་ཡིད་འོང་མ། །དེ་བཞིན་རིན་ཆེན་འཁྱིལ་མའོ། ཞེས་གསུང་སོ། གསུམ་པ་ཚད་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། སོར་བརྒྱད་དང་ནི་བཅུ་དྲུག་གམ། །ཉི་ཤུ་ལས་ནི་ལྷག་མི་བྱ། །ཇི་ལྟར་ནུས་ཤིང་རྗེས་མཐུན་པར། །བསྒྲུབ་པའི་དབང་པོས་དེ་དག་བྱ། །ཁ་ཡང་ཆོ་གའི་རིམ་པ་ཡིས། །སོར་མོ་ལྔ་ལས་གཞན་པ་སྤང་། །ལྷ་མོ་འདི་ནི་དྲིལ་བུ་ཡི། །སྒྲུབ་ཐབས་རྒྱ་ཆེར་བསྟན་པ་སྟེ། ཞེས་སོགས་གསུང་སོ། བཞི་པ་དབྱེ་བ་ནི། རྩེའི་རྣམ་གྲངས་ཀྱི་དབྱེ་བ། རིགས་ཀྱི་དབྱེ་བ། དམ་ཡེའི་དབྱེ་བ། ཞི་དྲག་གི་དབྱེ་བ་བཅས་སོ། ལྔ་པ་མཚོན་དོན་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ནམ་མཁའི་སོགས་ཀྱི་དབུས་སུ་ནི། །གཟུགས་རྫོགས་བསྐོར་བས་ཡང་དག་གནས། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཡེ་ཤེས་བདུད་རྩི་བུམ་པ་འདྲ། །ཤེས་རབ་བདུད་རྩིའི་གནས་ཡིན་སྟེ། ཞེས་དང་། སཾ་པུ་ཊི་ལས། ནང་གི་གཟུགས་ནི་ནམ་མཁའ་སྟེ། །གཟུགས་ཀྱིས་གང་བ་གཟི་བརྗིད་ཅན། །པདྨ་ཁ་ཕྱེ་ལས་བྱུང་བ། །གཟུགས་མེད་སྲིད་པའི་གནས་སུ་ནི། །ཤེས་རབ་བདུད་རྩི་བུམ་པ་ལྟར། །ཡེ་ཤེས་བདུད་རྩིའི་གནས་སུ་ནི། ཞེས་སོགས་གསུང་སོ། དྲུག་པ་ཕན་ཡོན་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། དྲིལ་བུ་འདི་ནི་ལྷ་མོ་ཆེ། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། ཅེས་དང་། ཡང་དེ་ཉིད་ལས། རྩེ་ལྔ་པའམ་རྩེ་དགུ་པ། །སྐལ་བ་བཟང་པོ་ཐམས་ཅད་དང་། དབང་ཕྱུག་དང་ནི་སྔགས་རྣམས་ཀྱི། །འབྲས་བུ་ཐམས་ཅད་རབ་སྟེར་ཞིང་། །མཁའ་འགྲོའི་སྟོབས་དང་རྫུ་འཕྲུལ་སྟེར། དེ་བཞིན་ཕུན་ཚོགས་ཐམས་ཅད་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ནི་གསལ་བར་སྟེར། ཞེས་གསུང་སོ།།

ཌ་མ་རུ།

གསུམ་པ་ཌཱ་མ་རུ་བཤད་པ་ལ། ཌཱ་རུའི་རྒྱུ་དང་། དབྱིབས། ཚད། མཚོན་དོན། དགོས་པ་དང་ལྔ་ལས། དང་པོ་ཌཱ་རུའི་རྒྱུ་ནི། ཙནྡ་དཀར་དམར་དང། སེང་ལྡེང་། མིའི་ཐོད་རུས་རྣམས་དང་། དེ་དག་མ་བརྙེད་ན་བ་སོ་སོགས་རྒྱུ་གང་ཡང་རུང་བ་ལས་བྱ་རུང་བ་ཡིན་ཏེ། དཔལ་ཡང་དག་སྦྱོར་བ་སཾ་པུ་ཊའི་རྒྱུད་ལས། དེ་ནས་ཅང་ཏེའུའི་མཚན་ཉིད་བཤད། །བཛྲ་ཤིར་ཤ་རྩ་བ་དང་། །ཙནྡན་དམར་པོ་ལས་བྱུང་བ། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། ཞེས་དང་། གཞན་པ་ཡི་ཡང་རྔེ་ཆུང་ནི། ། ཐོད་པ་ལས་ནི་བསྐོར་བ་ཉིད། ཅེས་གསུང་སོ། གཉིས་པ་དབྱིབས་ནི། ཟླུམ་གོར་ཟུང་ལྟག་སྤྲོད་བྱས་པ་སྐེད་ལ་ཉག་ཡོད་པའི་ངོས་གཉིས་སྤྲེའུའི་པགས་པའམ་མི་པགས་སོགས་ཀྱིས་གཡོགས་པ། སྐེད་པ་གཡས་གཡོན་དུ་སྲད་བུ་དམར་པོ་ལ་བརྡུང་བྱེད་ཀྱི་རིལ་བུ་ཆུང་ངུ་མིག་འབྲས་འདྲ་བ་ཟུང་བཏགས་པ་ལ་ཌཱ་རྡོར་འམ། ཌཱ་རུ་ཞེས་འབོད་དོ། །ཌཱ་རུའི་ནང་ངོས་སུ་རྩི་དམར་འཇམ་ལེགས་པར་བྱུགས་ཏེ་ལྷའི་དཀྱིལ་འཁོར་དངོས་སམ་དེའི་སྐུ་གཟུགས་དང་། ཕྱག་མཚན། ཉེ་བསྙེན་དང་། རྩ་སྔགས། སྙིང་པོའི་སྔགས་སོགས་འབྲི་དགོས་ཤིང་། དེ་ཡང་ཐོད་ཌཱ་ལ་སྐྱེས་པ་ལོ་བཅུ་དྲུག་ཅན་དང་། བུ་མོ་ལོ་བཅུ་གཉིས་ཅན་གཉིས་ཀྱི་ཐོད་པ་སྨིན་མཚམས་ནས་སྤྱི་གཙུག་བར་ཟླུམ་པོར་བྲེགས་པ་ལྟག་སྤྲོད་བྱས་ཏེ་ཐོད་མདུན་འོག་ཏུ་འོང་བར་བྱ། དེ་སྤྲེའུའི་པགས་པས་གཡོགས་པའི་ནང་ངོས་སུ་བུ་མོ་གཙང་མ་གྲོང་ཆོས་ཀྱི་མ་གོས་པའི་ཟླ་མཚན་གྱིས་པདྨ་བྲིས་པའི་ལྟེ་བར་ཧྲཱི་དང་མཾཿ་སོགས་འབྲི་བ་དང་། ཁྱེའུ་གཙང་བའི་བྱང་སེམས་དང་བུ་མོའི་མཚལ་གྱིས་དཀྱིལ་འཁོར་འབྲི་ཞིང་བྱུགས་ཏེ། དུར་ཁྲོད་དུ་དོར་བའི་སྐྲ་ཡི་སྐུད་པས་ཐོད་རུས་གཉིས་གཟེར་ཐག་བྱ་ཞིང་། ཆུ་བྱ་མཐིང་རིལ་གྱི་རྐང་པའི་རུས་པས་ཌཱ་རྡོ་བྱས་སྟེ་བརྡུང་དགོས་པ་ཡིན་སྟེ། རྒྱུད་ཆེན་སཾ་ཊ་ལས། ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུའི་པགས་པས་གཡོགས་པའོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པ་དང་། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་བས་རུས་པ་གཉིས་ནི་བཅིང་། །ཁྱིམ་གྱིས་མེ་ཏོག་གཉིས་ཀྱིས་ནི། །པདྨ་ཟེའུ་འབྲུ་གཉིས་པ་ལ། །དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། ཞེས་དང་། ཕྲེཾ་ཧཱུཾ་ཞེས་ནི་བརྗོད་ནས་ནི། །ཆུ་སྐྱར་རྐང་པའི་རུས་པས་གདབ། ཅེས་གསུང་སོ། གསུམ་པ་ཚད་ནི། ཆེ་ཚད་ལ་མཆུ་རུའམ་སྲིད་དུ་སོར་བཅུ་གཉིས་དང་ཁའི་ཞེང་ལ་སོར་དྲུག་ཅན་དང་། འབྲིང་ཚད་ལ་སྲིད་དུ་སོར་བཅུ་པ་དང་ཁ་ཞེང་ལ་སོར་ལྔ་ཅན་དང་། ཡང་ན་སྲིད་དུ་སོར་བཅུ་གཅིག་དང་། ཁའི་ཞེང་ལ་སོར་ལྔ་དང་ཕྱེད་ཅན་དང་། ཆུང་ཚད་ལ་སྲིད་དུ་སོར་དགུ་དང་ཁའི་ཞེང་ལ་སོར་བཞི་དང་ཕྱེད་ཅན་དག་དགོས་པར་གསུངས་ཏེ། སཾ་བྷུ་ཊ་ལས། དེ་ཡི་ཚད་འདི་བཀའ་སྩལ་པ། །བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། ཞེས་གསུང་སོ། བཞི་པ་མཚོན་དོན་ནི། ཌཱ་རུའི་ཁོག་པ་དང་པགས་གཡོག་དང་རྡུང་བྱེད་དང་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་བརྟེན་ནས་སྒྲ་འབྱུང་བ་ནི་ཆོས་ཐམས་ཅད་བརྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་དོན་དང་། སྒྲ་ནི་གྲགས་སྟོང་སྐྱེ་འགགས་མེད་པ་ཆོས་ཉིད་ཀྱི་སྒྲ་མཚོན་བྱེད་ཡིན་པ་དང་། ཀྱེ་རྡོ་རྗེ་ལས། ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ་ཉིད། ཞེས་དང་། ཐབས་བདེ་བ་ཆེན་པོའི་ཡེ་ཤེེས་མཚོན་བྱེད་ཡང་ཡིན་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བརྟག ཞེས་གསུང་སོ། ལྔ་པ་ཕན་ཡོན་ནི། ནད་དང་། རིམས་དང་། གདོན་དང་། དུག་ལ་སོགས་པ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ཞིང་ཡིད་བདེ་བ་དང་དགའ་བ་དང་བདེ་སྟོང་གི་ཉམས་ཁྱད་པར་བ་སོགས་འཕེལ་བ་ཡིན་སྟེ། སངས་རྒྱས་མཉམ་སྦྱོར་ལས། ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་པ། །ཇི་ལྟར་བབས་པའི་གར་བྱེད་པས། །རིམས་དང་གདོན་དང་དུག་ཞེན་པའི། །སྡུག་བསྔལ་ཐམས་ཅད་མྱུར་དུ་སེལ། ཞེས་གསུང་སོ།།

བཞི་པ་བགྲང་ཕྲེང་བཤད་པ་ལ། རྒྱུ་དང་། གྲངས་ཚད། བགྲང་ཚུལ། དགོས་ཆེད། ཕན་ཡོན་དང་ལྔ་ལས། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ཕྲེང་བའི་རྒྱུ་སྤྱི་ལ་ནི། ཤེལ་དང་། ཉ་ཕྱིས། མུ་ཏིག མུ་མེན། བྱུ་རུ། ལུང་ཏང་། དུང་། གསེར། དངུལ། ཟངས་མ། ཞ་ཉེ། འཁར་བ། པདྨའི་སྙིང་པོ། བ་སོ། ཙནྡ། རུ་ཀྵ། མིའི་ཐོད་རུས། རྔ་མོང་དང་། བོང་བུ་མ་ཧེ་རྣམས་ཀྱི་རུས་པ་དང་། འབྲས་བུའི་རིགས་དང་། རིན་པོ་ཆེའི་རིགས་སོགས་ཕལ་ཆེར་གང་འདོད་དམ་གང་འཛོམ་ལ་བྱ་རུང་བ་ཡིན་སྟེ། དུས་འཁོར་བསྡུས་རྒྱུད་ལས། ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོ་འམ་རུས་པ་དག་དང་བྷོ་དྷི་ཙི་དང་ནི། །པདྨ་ཞེས་བྱ་དབང་མིག་ལུང་ཏང་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ལ་ཕྲེང་བར་འགྱུར། ཞེས་གསུང་སོ། གཉིས་པ་བྱེ་བྲག་ཞི་རྒྱས་དབང་དྲག་གི་ཕྲེང་བ་སོ་སོར་བཤད་པ་ལ། དང་པོ་ཞི་བའི་ལས་སྒྲུབ་པའི་ཕྲེང་བ་ནི། སཾ་བྷུ་ཊ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ།། ཞེས་དང་། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཤེལ་གྱིས་ཞི་བ་ཆེན་པོ་འགྲུབ། ཅེས་དང་། རྡོ་རྗེ་གདན་བཞི་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། གཞན་ཡང་ནོར་བུ་དཀར་པོ་སོགས། །ཞི་སོགས་ལས་ལ་ཁྱད་པར་གྱི། །བགྲང་ཕྲེང་གི་ནི་ཁྱད་ཉིད་ནི། ཞེས་གསུང་སོ། གཉིས་པ་རྒྱས་པའི་ལས་སྒྲུབ་པའི་ཕྲེང་བ་ནི། སཾ་བྷུ་ཊ་ལས། གསེར་དང་དངུལ་དང་ཟངས་མ་པ། །པདྨའི་ས་བོན་ཁྱད་པར་དུ། རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། ཅེས་དང་། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། མུ་ཏིག་གིས་ནི་རྒྱས་པ་ལ། ཞེས་དང་། གདན་བཞི་ལས། གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ཡིས་ནི་བགྲང་ཕྲེང་སྟེ། །མཁས་པ་རྣམ་ཀྱིས་བགྲང་བར་བྱ། །ཞེས་གསུང་སོ། གསུམ་པ་དབང་གི་ལས་སྒྲུབ་པའི་ཕྲེང་བ་ནི། སཾ་བྷུ་ཊ་ལས། གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། དབང་དང་དགུག་པའི་རབ་སྦྱོར་ལ། །གུར་གུམ་ལ་སོགས་དྲིའི་རིལ་བུ། །བྱི་རུ་ཙནྡ་དམར་པོའི་འབྲུ། །རྟག་ཏུ་རིལ་བུ་ལྔ་བཅུ་པའོ།། ཞེས་དང་། གདན་བཞི་ལས། གུར་གུམ་ལ་སོགས་དྲི་ཞིམ་པའི། །དྲི་རྣམས་ཀུན་གྱི་ཁྱད་པར་ལས། །རིལ་བུ་བྱས་སྟེ་དམར་པོ་བཙོས། །དབང་དུ་སྡུད་པར་རབ་ཏུ་གྲགས། ཅེས་གསུང་སོ། བཞི་པ་དྲག་པོའི་ལས་བསྒྲུབ་པའི་ཕྲེང་བ་ནི། སཾ་བྷུ་ཊ་ལས། རུ་དྲཱ་ཀྵ་དང་ལུང་ཏང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། ཞེས་དང་། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རུ་དྲཱ་ཀྵ་ནི་མངོན་སྤྱོད་ལ། ཞེས་དང་། གདན་བཞི་ལས། རུ་དྲཱ་ཀྵ་དང་ལུང་ཏང་དང་། །མི་ཡི་རུས་པ་དེ་བཞིན་སྟེ། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། ། ཤེས་དང་། བདེ་མཆོག་སྡོམ་འབྱུང་ལས། རུ་དྲཱ་ཀྵ་དང་ལུང་ཏང་འབྲས། །དེ་བཞིན་མི་རུས་རྔ་མོ་དང་། །བོང་བུ་མ་ཧེའི་རུས་པ་ནི། །དྲག་སྤྱོད་བཀུགས་དང་གནོན་པ་དང་། །དབྱེ་བས་དགྲ་ནི་ཚར་གཅད་དང་། །གསད་དང་བསྐྲད་ལ་སྦྱར་བྱ་སྟེ། ཞེས་གསུང་སོ། གཉིས་པ་ཚད་ནི། གྲངས་ཀྱི་ཚད་དང་། ཆེ་ཆུང་གི་ཚད་གཉིས་ལས། དང་པོ་ནི། སྔགས་སྒྲུབ་པས་ཞི་བའི་ཕྲེང་གྲངས་ལྔ་བཅུ་དང་། དབང་གི་ལས་ཀྱི་ཕྲེང་གྲངས་ལ་ཉེར་ལྔ། ཞི་བའི་ལས་ཀྱི་ཕྲེང་གྲངས་ལ་བརྒྱ་ཐམ་པ། རྒྱས་པའི་ལས་ཀྱི་ཕྲེང་གྲངས་ལ་བརྒྱ་རྩ་བརྒྱད། དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བ་ལ་དྲུག་བཅུ་ཐམ་པ་དགོས་པ་ཡིན་སྟེ། སཾ་བྷུ་ཊ་ལས། སྔགས་ཀྱི་བསྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པ་བརྒྱད། །མངོན་སྤྱོད་ལ་ནི་དྲུག་བཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། །ཕྲེང་བ་ལ་སོགས་བྱ་བའོ། །ཞེས་གསུངས་སོ། །
གཉིས་པ་ཆེ་ཚུང་གི་ཚད་ནི། ཞི་བ་ལ་རང་གི་འགྲམ་སོ་ཙམ་དང་། རྒྱས་པ་ལ་མཐེའུ་ཆུང་གི་ཚད་ཙམ། དབང་ལ་ནོར་བུའི་ཏོག་ཙམ། དྲག་པོ་ལ་རྐང་པའི་མཐེ་ཆེན་གྱི་ཚད་ཙམ་དགོས་པར་བཤད་དོ། གསུམ་པ་བགྲང་ཚུལ་ནི། རབ་གནས་བྱས་པའི་ཕྲེང་བ་དེ་ཞི་བའི་སྔགས་ལ་མཛུབ་མོའི་སྟེང་དུ་བཞག་སྟེ་སྙིང་གའི་ཐད་དུ་གཟུང་ནས་བགྲང་བར་དང་། རྒྱས་པའི་སྔགས་ལ་གུང་མོའི་སྟེང་དུ་བཞག་སྟེ་ལྟེ་བའི་ཐད་དུ་གཟུང་ནས་བགྲང་བར་དང་། དབང་ལ་སྲིན་ལག་གི་སྟེང་དུ་བཞག་སྟེ་གསང་བའི་ཐད་དུ་གཟུང་ནས་བགྲང་བར་དང་། དྲག་པོའི་ལས་སྔགས་ལ་མཐེའུ་ཆུང་གི་སྟེང་དུ་བཞག་ནས་རྐང་པ་སྐྱིལ་ཀྲུང་བསྣོལ་བའི་པུས་མོའི་ཐད་དུ་གཟུང་ནས་འདྲེན་པ་དང་། སྣ་ཚོགས་ལས་ལ་གང་བདེར་བྱ་བ་དང་། མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་དབང་དུ་འགུགས་པའི་བསམ་པས་ཕྲེང་རྡོག་རེ་རེ་ནང་འདྲེན་གྱིས་ལྕགས་ཀྱུས་འགུག་པའི་ཚུལ་དུ་བགྲང་དགོས་སྟེ། བདེ་མཆོག་སྡོམ་འབྱུང་ལས། ཞི་བ་ལ་ནི་མཛུབ་ལ་བཞག །རྒྱས་པ་རྟག་ཏུ་གུང་མོ་ཡིན། །མིང་མེད་ཀྱིས་ནི་དབང་ཞེས་གསུང་། །ཐ་མ་ཡིས་ནི་མངོན་སྤྱོད་ཡིན། །མཐེ་བོ་ལྷ་ཡི་རང་བཞིན་གྱིས། །ལས་ཀུན་ལས་ནི་སྦྱར་བར་བྱ། ཞེས་དང་། སཾ་བྷུ་ཊ་ལས། ཞི་ལ་ཁྲོ་བོར་འགོད་པར་བྱ། །རྒྱས་ལ་དབུ་མ་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་ཐ་མ་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལྷ། དངོས་པོ་ལས་ནི་དགུག་པར་བྱ། ཞེས་དང་། རྡོ་རྗེ་གདན་བཞི་ལས། ཞི་བ་ལ་ནི་ཁྲོ་བོས་བགྲང་། །རྒྱས་པ་ལ་ནི་གུང་མོ་སྟེ། །སྲིན་ལག་ལ་ནི་དབང་དུ་བལྟ། །ཐ་མས་མངོན་པར་སྤྱོད་པ་སྟེ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ནི། །ལྷ་ཉིད་དགུག་པའི་བསམ་པ་ཡིན། །མཉམ་པ་བཞག་སྟེ་བཟླས་སྒོམ་ན།།   འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཅེས་གསུང་སོ། བཞི་པ་དགོས་ཆེད་ནི། ཡི་དམ་ལྷ་ཡི་ཕྱག་རྟགས་མི་བརྗེད་པ་དང་། གཉེན་པོའི་ཡེ་ཤེས་སེམས་ལ་འཕྲེང་བ་དང་། ནུས་མཐུ་སྐྱེ་བ་དང་། ཤེས་རབ་ཡུམ་གྱི་རྟེན་དུ་འགྱུར་བ་དང་། བསྐྱེད་རྫོགས་སྐྱེ་བའི་ཐབས་ཀྱི་རྟེན་འབྲེལ་དུ་འགྱུར་བ་དང་། སྔགས་ཀྱི་དམ་ཚིག་གི་རྫས་སུ་འགྱུར་བ་དང་། ཞི་སོགས་ཀྱི་ལས་རྣམས་འགྲུབ་པ་དང་། སྔགས་ཀྱི་གྲང་ཚད་ཟིན་པ་སོགས་ཕན་ཡོན་མང་ངོ་། ལྔ་པ་ཕན་ཡོན་ནི། ཕྲེང་བ་མཚན་ཉིད་དང་ལྡན་ཞིང་ཇི་སྐད་བཤད་པའི་ཆོ་ག་དང་དམ་ཚིག་ལྡན་པར་བྱས་སྟེ་འཆང་ན་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྤྱི་དང་བསྐྱེད་རྫོགས་དང་། གང་བསྒྲུབ་གྱི་ལྷ་འགྲུབ་པར་འགྱུར་སྟེ། སཾ་བྷུ་ཊ་ལས། ཕྲེང་བ་ལ་སོགས་མཚན་ཉིད་ནི། །ཡང་དག་ཇི་ལྟར་རྡོ་རྗེ་ཉོན། །གང་གི་ཡང་དག་ཆོ་ག་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། ཡང་དག་ཆོ་ག་གང་གིས་འདིར། །འགྲུབ་པར་ཐེ་ཚོམ་མེད་པ་ཡིན། །ཞེས་དང་། གདན་བཞི་ལས། ཡང་དག་ཆོ་ག་གང་གིས་ནི། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་གསུང་སོ།།

ལྔ་པ་ཕུར་པ་ལ། རྒྱུ། དབྱེ་བ། ཚད། དབྱིབས། ནུས་པ་དང་ལྔ་ལས། དང་པོ་ནི། རྒྱུ་གསེར། དངུལ། ཟངས། ལྕགས།ར་གན། བྱུ་རུ། ཁྲོ། ཙན་དན་དཀར་དམར། སེང་ལྡེང་། མི་རུས། ཚེར་ནག སྐྱེར་བ། སྤྲེའུའི་རུས་པ་སོགས་ཀྱིས་བཟོ་རུང་བར་བཤདདེ། དེ་ཡང་སྔ་འགྱུར་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པའི་རྩ་རྒྱུད་ལས། འདུས་བྱས་རྫས་ཀྱི་ཕུར་པ་ནི། །དངུལ་ལམ་འོ་མ་ཅན་གྱི་ཤིང་། །ཟངས་སམ་ཙན་དན་དམར་པོའི་ཤིང་། །ལྕགས་སམ་རྐང་དང་ཚེར་མའི་ཤིང་། །གསེར་རམ་འོ་སེ་སེར་པོའི་ཤིང་། ཞེས་གསུང་སོ། དེ་ལས་དངུལ་དང་། ཤེལ། ཙན་དན་དཀར་པོ་སོགས་ཞི་བའི་ལས་སྒྲུབ་པའི་ཕུར་པ་དང་། གསེར། ར་གན་སོགས་སེར་པོའི་རིགས་རྒྱས་པའི་ལས་སྒྲུབ་པའི་ཕུར་པ་དང་། བྱུ་རུ། ཟངས། ཙན་དན་དམར་པོ། མཛོ་ཤིང་སོགས་དམར་པོའི་རིགས་དབང་གི་ལས་སྒྲུབ་པའི་ཕུར་པ་དང་། ལྕགས་དང་། ཁྲོ། ཚེར་མ། ཡུགས་ས་མོའི་འཕང་ཤིང་སོགས་ནག་ལ་རྩུབ་པའི་རིགས་རྣམས་དྲག་པོའི་ལས་སྒྲུབ་པའི་ཕུར་པ་ལ་ཆེད་དུ་བསྔགས་སྟེ། ཕུར་པ་གསང་རྒྱུད་ལས། དངུལ་ལམ་དཀར་པོ་ཤིང་རྣམས་ནི། །ཞི་བའི་ཕུར་པའི་རྒྱུ་རུ་བཤད། །གསེར་རམ་སེར་པོའི་ཤིང་རྣམས་ནི། །རྒྱས་པའི་ཕུར་པའི་རྒྱུ་རུ་བཤད། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །དབང་གི་ཕུར་པའི་རྒྱུ་རུ་བཤད། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོའི་ཕུར་པའི་རྒྱུ་རུ་བཤད། ཅེས་གསུང་སོ། གཉིས་པ་དབྱེ་བ་ནི། ཐུགས་རྗེ་ཆེན་པོ་ཁྲོས་པ་རྩ་རྒྱུད་ལས། ཆོས་ཉིད་དོན་གྱི་ཕུར་པ་དང་། །རིག་པ་ཡེ་ཤེས་ཕུར་པ་དང་། །འདུས་བྱས་རྫས་ཀྱི་ཕུར་པ་དང་། །རྟེན་པ་ལུས་ཀྱི་ཕུར་པའོ། །ཞེས་དང་། ཕུར་པ་གསང་བ་རྩ་རྒྱུད་ལས། དབྱེ་ན་རྣམ་པ་བཞི་ཡིན་སྟེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབས་པར་བྱ། །ཐུགས་རྗེ་ཆེན་པོའི་ཕུར་པ་དེ། །ཁམས་གསུམ་སེམས་ཅན་གདབ་པ་དང་། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་རྫོགས་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། ཞེས་གསུང་སོ། གསུམ་པ་ཚད་ནི། མགོ་བོའི་རྒྱ་མདུད་དམ་ཞལ་ལ་སོར་གཅིག སྐེད་པའི་རྒྱ་མདུད་ལ་ཡང་སོར་གཅིག ལྕམ་གཞོག་ལ་སོར་གསུམ་དང་དབལ་ལ་སོར་གསུམ་སྟེ་སོར་བརྒྱད་དང་། གོང་འོག་གི་རྒྱ་མདུད་ཟུང་ལ་སོར་རེ་རེ་དང་། ལྕམ་གཞོག་ལ་སོར་བཞི། དབལ་ལ་སོར་དྲུག་སྟེ་སོར་བཅུ་གཉིས་སོགས་ཅི་རིགས་ཤིག་མཆིས་སྟེ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། ལྕགས་ནི་སྣ་ལྔ་དག་ལས་ནི། །སྟེང་དུ་སོར་གཅིག་རྒྱ་མདུད་བྱ། །བར་དུ་རིན་ཆེན་ཟུར་བརྒྱད་དེ། །སྐེད་པ་སོར་གཅིག་རྒྱ་མདུད་བྱ། །ཞེས་དང་། ཕུར་པ་གསང་རྒྱུད་ལས། བཅུ་གཉིས་ལྡན་ན་དབུས་དེ་གཙོ། །སོར་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་རྫོགས་པར་བྱས། །གཞན་དྲུག་དབལ་དུ་ཤེས་པར་བྱ། །ཞེས་དང་། ཡང་དེ་ཉིད་ལས། སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བར་གཉིས་ལ་མཚན་མ་གཉིས། །དྲུག་ནི་དབལ་དུ་རྫོགས་པ་ཡིན། །ཞེས་གསུང་སོ། བཞི་པ་དབྱིབས་ནི། སྟོད་ཞལ་གསུམ་པའམ་ཞལ་གཅིག་པ་ཏོག་ཆུང་ངུ་ཅན། ཕྱག་གཉིས་ཐུགས་ཀར་ཕུར་བུ་བསྒྲིལ་བ། དེའི་འོག་ལྕམ་གཞོག་ཟུར་བརྒྱད་པ། དེའི་འོག་རྒྱ་མདུད་དང་དེའི་འོག་ཏུ་ཆུ་སྲིན་གྱི་མགོ་བོ་ཡོད་པ། ཆུ་སྲིན་གྱི་ཁ་ནས་ཐོན་པའི་དབལ་ཟུར་གསུམ་སོགས་རྩ་བ་སྦོམ་ཞིང་རྩེ་མོ་རྣོ་བ། དབལ་གྱི་ངོས་ལ་སྦྲུལ་ཆུན་འཕྱང་བ་ཞིག་དང་། ཞལ་ཕྱག་མེད་པར་མགོ་བོར་རྒྱ་མདུད་དང་དེའི་འོག་ལྕམ་གཞོག་ཟུར་བརྒྱད་པ། དེའི་འོག་རྒྱ་མདུད་དང་། དེའི་འོག་ཆུ་སྲིན་གྱི་ཞལ་དང་དེའི་ཁ་ནས་དབལ་ཐོན་པ་སོགས་མི་འདྲ་བ་ཁ་ཤས་ཡོད་པར་བཤད་དོ། དེ་ཡང་ཕུར་པ་མྱང་འདས་ཀྱི་རྒྱུད་ལས། མགོ་དང་རྩ་བ་མ་ནོར་བ། །རྒྱ་མདུད་གཉིས་དང་ཟུར་བརྒྱད་དང་། །ཟུར་གསུམ་པ་རུ་རབ་ཏུ་ཞོག ཅེས་དང་། སྐེད་པ་རྒྱ་མདུད་དྲག་པོ་ལ། །རྩེ་མོ་ཆུ་སྲིན་ཁ་ནས་དབྱུང་། །ཞེས་སོགས་གསུང་སོ། ལྔ་པ་ནུས་པ་ནི། རྒྱུ་ཚད་ཚང་ཞིང་མཚན་ཉིད་དང་ལྡན་པར་བྱིན་བརླབས་ཐོབ་ཅིང་རང་ཉིད་ཡི་དམ་ལྷ་ཡིས་ང་རྒྱལ་བརྟན་པོས་དགྲ་བགེགས་ལ་འཕྱར་ཞིང་གདབ་ན་དགྲ་བགེགས་རྩད་ནས་བརླག་པ་དང་། བསྐྲད་པ་དང་། བྱེར་བ། གནོན་པ། གཟིར་བ། བྲོས་པ། འཆི་བར་འགྱུར་བ། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཐོག་མེད་ཏུ་འགྲུབ་པ་འགྱུར་སྟེ། དཔལ་ལྡན་གསང་བ་འདུས་པ་ལས། ལྷ་རྣམ་ཀྱང་ནི་ཕུར་བུས་གདབ། །འདི་ནི་གསོད་བྱེད་མཆོག་གི་མཆོག ཅེས་དང་། འཕྲིན་ལས་འབྱུང་བ་སྒྲོལ་མ་འདུས་པའི་རྒྱུད་ལས། རྡོ་རྗེ་ཕུར་པས་བཏབ་པ་ན། །ཕུང་པོ་རབ་ཏུ་འཇིག་པ་དང་། །རྡོ་རྗེའི་གནས་ཀྱང་ཐོབ་པར་འགྱུར། །ཞེས་གསུང་སོ།།
དྲུག་པ་དགང་གཟར་དང་བླུགས་གཟར་བཤད་པ་ལ། དགང་བླུགས་ཀྱི་རྒྱུ་དང་། དགང་གཟར་གྱི་དབྱིབས་ཚད་དང་། བླུགས་གཟར་གྱི་དབྱིབས་ཚད། དེ་གཉིས་འཛིན་ཚུལ། མཚོན་དོན་དང་བཞི་ལས། དང་པོ་རྒྱུ་ནི། རྡོ་རྗེ་མཁའ་འགྲོ་ལས། གསེར་རམ་དངུལ་ལམ་ཟངས་མ་འམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། ཞེས་གསུང་སོ། དགང་གཟར་གྱི་ཚད་ནི། རྡོ་རྗེ་མཁའ་འགྲོ་ལས། དགང་གཟར་རྒྱུ་དང་དབྱུག་པ་སོགས། །ཚད་དང་དབྱིབས་ལ་སོགས་པར་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་མཆུ་སོར་བཞི། །པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །ཞེས་དང་།   མཁའ་འགྲོ་རྒྱ་མཚོ་ལས། དགང་གཟར་ཁྲུ་གང་དུ་འགྱུར་ཏེ། །རྒྱར་ནི་སོར་མོ་བཞི་པ་ལ། །དེར་ནི་སོར་མོ་གཉིས་བརྐོ་བྱ། །མཆུ་ཡི་སྦུག་མོར་སོར་མོ་ཕྱེད། །དབུས་སུ་རྡོ་རྗེ་པདྨ་དང་། །མཆུ་སྦུག་རྡོ་རྗེ་ལྡན་པ་ཅན། །རྩ་བར་རྡོ་རྗེ་སོར་དྲུག་པ། །ཞེས་སོགས་གསུང་སོ། གསུམ་པ་འཛིན་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་བྱང་ཆུབ་མཆོག་གིས་བཟུང་། །ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་གཟུང་། །དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། ལག་གཉིས་པུས་མོའི་ནང་བཞག་སྟེ། །དགང་གཟར་དང་ནི་བླུག་གཟར་བཟུང་། ། ཞེས་དང་། རྡོ་རྗེ་སྙིང་རྒྱན་ལས། ལག་གཉིས་པུས་མོའི་བར་བཞག་སྟེ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུག་གཟར་བཀང་སྟེ་དེ་བཞིན་བསྲེག ཅེས་གསུང་སོ། བཞི་པ་མཚོ་དོན་ནི། རྡོ་རྗེ་མཁའ་འགྲོ་ལས། དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་སྟེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཞེས་གསུང་སོ།།

བདུན་པ་ཀཱ་པ་ལ་བཤད་པ་ལ། བརྟག་ཐབས་དང་། ཕན་ཡོན་གཉིས་ལས། དང་པོ་བརྟག་ཐབས་ལ། དུམ་བུའི་སྒོ་ནས་བརྟག་པ། མདོག་དབྱིབས་ཀྱི་སྒོ་ནས་བརྟག་པ། རི་མོའི་སྒོ་ནས་བརྟག་པ། བུ་གའི་སྒོ་ནས་བརྟག་པ། ལ་ཉེའི་སྒོ་ནས་བརྟག་པ་དང་ལྔ་ལས། དང་པོ་ནི། བདེ་མཆོག་སྡོམ་འབྱུང་ལས། དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དབང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་པས་སྔགས་དངོས་གྲུབ། །ལྔ་པ་ཡིས་ནི་ཞི་དང་རྒྱས། །དུམ་དྲུག་སློང་མོ་རྙེད་པར་ཤེས། །དུམ་བུ་བདུན་པས་དབང་དུ་བྱེད། དངོས་གྲུབ་སྒྲུབ་པ་འབྲས་མེད་ཕྱིར། །དེ་བཞིན་དུམ་བུ་བརྒྱད་པ་སྤང་། ཞེས་གསུང་སོ། གཉིས་པ་མདོག་དབྱིབས་ཀྱི་སྒོ་ནས་བརྟག་པ་ནི། བདེ་མཆོག་སྡོམ་འབྱུང་ལས། དུང་དང་ཀུནྡ་ཟླ་བ་ཡི། །མདོག་མཚུངས་སྣུམ་པར་ཤིས་པར་བལྟ། །སྔགས་རྣམས་ཀུན་གྱི་དངོས་གྲུབ་སྟེར། །སྒྲུབ་པོའི་དངོས་གྲུབ་ཐོབ་པར་བྱེད། །ཆེ་ཞིང་མདོག་ནི་སེར་པོའམ། །པདྨ་ལྟ་བུ་པདྨས་མཚན། །རྒྱས་ལ་བསྔགས་པ་གསུངས་པ་སྟེ། །ནོར་ནི་ཕུན་སུམ་ཚོགས་པ་འགྲུབ། །སྣོད་ནི་གང་ཞིག་ཁ་དོག་དམར། །གཞན་ཡང་ཐིག་ལེ་དམར་པོས་མཚན། །རྟག་ཏུ་དབང་དང་དགུག་པ་ཡི། །དངོས་གྲུབ་སྟེར་སྣོད་མཚན་ཉིད་དོ། །ཅེས་གསུང་སོ། གསུམ་པ་རི་མོ་ལ་བརྟག་པར་ནི། བདེ་མཆོག་སྡོམ་འབྱུང་ལས། དེ་བཞིན་གླང་པོའི་རྒྱབ་ཀྱི་ནང་། དབུས་ཀྱི་གནས་སུ་གཤོང་བུ་བཞི། །འདོད་འཇོའི་བ་ནི་བལྟ་བར་བྱ། །མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། །ཡིད་བཞིན་ནོར་བུ་ཞེས་བྱར་བཤད། ཅེས་གསུང་སོ། བཞི་པ་བུ་ག་བརྟག་པ་ནི། བདེ་མཆོག་སྡོམ་འབྱུང་ལས། བུ་ག་གཅིག་པ་བྲམ་ཟེར་འགྱུར། །བུ་ག་གཉིས་པ་རྒྱལ་རིགས་འགྱུར། །བུ་ག་གསུམ་པ་རྗེའུ་རིགས་ཤེས། །བུ་ག་བཞི་པ་དམངས་རིགས་རྣམས། ཞེས་གསུང་སོ། ལྔ་པ་ལ་ཉེ་བརྟག་པ་ནི། བདེ་མཆོག་སྡོམ་འབྱུང་ལས། ས་གཞི་མཉམ་པའི་ཡུལ་རྣམས་སམ། །ཐང་ངམ་བྱེ་མའི་གཤོང་དག་ཏུ། །སྔགས་པས་དེ་ནི་བསྒྲུབས་བྱས་ལ། །དེ་ཡི་ལྷུང་བར་བརྟག་པར་བྱ། །ལྷོ་བལྟས་བྲམ་ཟེ་འཇིགས་པར་ཤེས། །བདེན་བྲལ་ལྷུང་བས་བ་ལང་དང་། །རིགས་མེད་པ་དང་རིགས་ངན་འཇིགས། །རླུང་བལྟས་སྔགས་ནི་འཇིགས་པ་སྟེ། །བྱང་དུ་བལྟས་ན་ཕྱུག་པོར་འགྱུར། །དབང་ལྡན་སྔགས་ཀྱི་དངོས་གྲུབ་སྟེ། །བརྟུལ་ཞུགས་རྒྱུན་ནི་ཉམས་པ་མེད། །མེར་བལྟས་ཉེར་བར་འཕྲོག་པ་སྟེ། །དེ་བཞིན་འོག་བལྟས་ཆོམ་རྐུན་མའོ། །སྟེང་བལྟས་གནས་པས་བུད་མེད་འཇོམས། །ལོགས་སུ་ལྷུང་བས་གཏུམ་མོ་སྟེ། །སྣོད་ཀྱི་མཚན་ཉིད་ཤེས་པར་བྱ། ཞེས་གསུང་སོ། གཉིས་པ་བཅང་བའི་ཕན་ཡོན་ནི། རྙིང་རྒྱུད་ཧེ་རུ་ཀ་སྙིང་རྗེ་རོལ་པ་ལས། གསང་བ་སྒྲུབ་ཐོད་མཚན་ཉིད་ནི། །ཡན་ལག་ཆེ་ཕྲ་མང་བའི་བདག །དཔག་བསམ་ཤིང་ནི་ཡོད་འགྱུར་ན། །འདོད་པའི་འབྲས་བུ་ཐོབ་འགྱུར་སྟེ། །སྔགས་པ་དེ་ལ་ཐེ་ཚོམ་མེད། ཅེས་དང་། དེ་ཡི་མཚན་ཉིད་ལྡན་པའི་སྣོད། སུ་དག་རྟག་ཏུ་འཆང་བ་ནི། །ལོངས་སྤྱོད་ཐར་པ་ཐོབ་འགྱུར་སྟེ། །དེ་ལ་ལྷ་མོ་ཐེ་ཚོམ་མེད། ཅེས་གསུང་སོ།

བརྒྱད་པ་ཁ་ཊྭཱཾ་བཤད་པ་ལ། དབྱིབས་དང་། དགོས་ཆེད་གཉིས་ལས། དང་པོ་དབྱིབས་ནི། མངོན་བརྗོད་བླ་མ་ལས། རྡོ་རྗེ་ཁ་ཊྭཱཾ་གའི་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པའི་རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ། ཞེས་དང་། གདན་བཞིའི་བཤད་རྒྱུད་སྔགས་ཀྱི་ཆ་ལས། སྟེང་དུ་རྡོ་རྗེའི་དབྱུག་པ་ནི། །མི་ཡི་ཡན་ལག་རུས་པས་བརྒྱན། །བ་དན་དྲིལ་བུ་ཕྲེང་བ་ནི། །དབྱུག་པ་ལག་པ་གཡོན་པས་བཟུང་། ཞེས་གསུང་སོ། གཉིས་པ་མཚོན་དོན་ནི། རྟག་གཉིས་ལས། ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད། ཅེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་སོགས་གསུང་སོ། གསུམ་པ་དགོས་ཆེད་ནི། ཁ་ཊྭཱཾ་ག་དེ་ཤེས་རབ་ཡུམ་གྱི་ཚུལ་དུ་ལུས་ལ་བསྟེན་པས་ཐབས་ཤེས་ཀྱི་དོན་དང་། བདེ་ཆེན་ལྷན་ཅིག་སྐྱེས་པའི་དོན་མི་བརྗེད་པར་དྲན་པ་དང་། རྣལ་འབྱོར་པའི་སྐུ་ལ་གཟི་བྱིན་བསྐྱེད་པ་དང་། སྔགས་ཀྱི་དམ་ཚིག་ཚང་བ་དང་། མཁའ་འགྲོ་མ་དབང་དུ་བསྡུ་བ་སོགས་དགོས་པ་དུ་མ་ཡོད་པར་བཤད་དོ། །

དགུ་པ་གྲི་གུག་ནི། མགོན་པོ་དངོས་གྲུབ་འབྱུང་བ་ལས། མི་གསོད་མཚོན་ལས་བྱས་པ་ཡི། །རྡོ་རྗེ་གྲི་གུག་ཧཱུཾ་བྲིས་པ། །ཕྲིན་ལས་བྱེད་པའི་ཁྱད་པར་རོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། ཞེས་གསུང་སོ། །

བཅུ་པ་རལ་གྲི་བཤད་པ་ལ། གཤིན་རྗེ་གཤེད་དམར་ལས། ཁབ་ལེན་ལྕགས་ཀྱི་རལ་གྲི་ཉིད། །དེ་རྣམས་ཡང་ན་བཅུད་ཅན་གྱི། །རལ་གྲི་ཁྲུ་གང་ཚད་བཅས་ཚད། ཅེས་དང་། གཤིན་རྗེ་གཤེད་ནག་ལས། ཀན་ཏའི་ལྕགས་ཀྱི་རལ་གྲི་ནི། །ལས་ཀྱི་སྦྱོར་བ་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་བ་ཡི། །ལས་ཀྱི་རལ་གྲི་རབ་འགྲུབ་འགྱུར། །ཞེས་དང་། ཡང་དེ་ལས། གྲུབ་ན་རལ་གྲི་རབ་ཏུ་འབར། །འོད་ཟེར་ལྔ་ཡི་གློག་ཆེན་འཁྱུག །གྲུབ་པ་དེ་ནི་བཟུང་གྱུར་པས། །མི་རྣམས་ཁམས་གསུམ་ལས་རྒྱལ་འགྱུར། །ཞེས་གསུང་སོ། བཅུ་གཅིག་པ་བེང་ནི། རྙིང་རྒྱུད་མེ་ལྕེ་འཕྲེང་བའི་རྒྱུད་ལས། དེ་ནས་བེང་གི་བཅས་དག་ནི། །ཙནྡ་སེང་ལྡེང་ཤེར་ཤིང་དང་། །སྐྱེར་ལྡེང་མཛོ་མོ་གླ་བ་དང་། །རྒྱ་ཤུག་དག་ལ་འདོམ་གང་ངམ། །མདའ་གང་ཚད་དུ་བྱས་པ་ལ། །ལོགས་བརྒྱད་རྒྱ་མདུད་གཉིས་ལྡན་པ། །མགོ་བོར་ནོར་བུ་མེ་འབར་བ། །རྡོ་རྗེ་རྩེ་མོ་ཕུར་བུའི་དབལ། །ཁ་དོག་སྨུག་པོ་ཡང་ན་གནག །ཕྱོགས་བརྒྱད་ལྷ་སྲིན་སྡེ་བརྒྱད་ཀྱི། །སྲོག་སྙིང་དྲག་སྔགས་བཅས་པ་གཞུག ཅེས་དང་། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་བེང་འཛིན་མགོན་པོ་ཡིས། །ལྷ་མ་ཡིན་གྱི་གྲོང་ཁྱེར་ནི། །སུམ་བརྩེགས་ལ་སོགས་ཁང་བཟང་རྣམས། །ཁྲོ་བོ་ཙནྡན་བེང་བསྣམས་ཀྱིས། ཞེས་སོགས་གསུང་སོ།།

 

བཅུ་གཉིས་པ་ཐུན་རྭ་ནི། རྡོ་རྗེ་མཁའ་འགྲོ་ལས། ཕག་མོ་ཞེས་བྱའི་སྨན་དང་ནི། །ཕག་གི་ལུས་ལས་བྱུང་བའི་འདམ། །མ་ཧེའི་རྭ་ཡི་ནང་དུ་བཞག །ལོ་གཅིག་བར་དུ་ནུས་དང་ལྡན། ཞེས་དང་། རྙིང་རྒྱུད་མེ་ལྕེ་འབར་བའི་རྒྱུད་ལས། བྱི་ཤ་ནག་མོའི་དུག་ཐུན་ནི། །མ་ཧེའི་རྭ་འམ་བ་མེན་རྭ། ། མདའ་དུག་བཙན་དུག་ལོ་དུག་དང་། །རིམས་ནད་ཁྲག་དང་ཚད་བླུགས་ལ། །རྭ་རུ་ནང་ཉིད་ཁར་བཅུག་ལ། །ནང་ལ་མཁའ་འགྲོའི་སྙིང་པོ་དང་། །ལས་ལ་བསྐུལ་སྔགས་མིང་དང་བཅས། །དེ་ནས་དུག་གི་དབལ་སྔགས་བཟླས། །ཞེས་གསུང་སོ། །

བཅུ་གསུམ་པ་གཡབ་དར་ནི། རྙིང་རྒྱུད་ཀུན་འདུས་རིག་པ་ལས། ཁ་དོག་ལྔ་ཡི་དར་གཡབ་ཀྱིས། །གཡབ་ཅིང་རིག་འཛིན་མང་པོ་འབོད། །རོལ་མོ་ཆ་བྱད་མང་པོ་དག །རྡོ་རྗེ་གར་དང་སྙན་པའི་གླུ། །སྲིད་པའི་མ་མོ་ཀུན་བསྟེན་ཅིང་། །བྱིན་རླབས་ཆེན་པོ་དབབ་པར་བྱ། །ཞེས་གསུང་སོ། །

བཅུ་བཞི་པ་ཧོམ་ཁུང་ནི། རྙིང་རྒྱུད་མགོན་པོ་མཚོན་ཆ་ཁོལ་བའི་རྒྱུད་ལས། དབུས་ནས་ཁྲུ་གང་གྲུ་གསུམ་ལ། །ནང་རིས་གསུམ་ལྡན་ཐུར་དུ་བྲུ། །ཐ་མ་ཐོད་པའི་ཕྲེང་བས་བརྒྱན། །དུག་ཤིང་ཙང་དམར་ཉི་ཤུ་བརྒྱད། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །དབྱུག་ཐོ་རྒྱ་གྲམ་རྣམ་པ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །ཞེས་གསུང་སོ། །

བཅོ་ལྔ་པ་གཡང་བཞི་ནི། ཀྱེ་རྡོ་རྗེ་ལས། དེ་ལ་གདན་དུ་བརྟག་པར་ནི། །རོ་ཡི་གཟུགས་ཅན་དགུ་དང་ནི། ཞེས་དང་། རྙིང་རྒྱུད་ཧེ་རུ་ཀ་སྙིང་རྗེ་རོལ་པ་ལས། ཞིང་ཆེན་རློན་པ་གཡང་བཞི་རལ་པ་ཅན། ཞེས་གསུང་སོ། །

བཅུ་དྲུག་པ་རྔ་ཡབ་ནི། གཤེད་དམར་ལས། སྣ་ཚོགས་རིན་ཆེན་རང་བཞིན་བརྒྱན། །རྔ་ཡབ་དཀར་པོས་བརྒྱན་པ་ཡི། ཞེས་དང་། གདན་བཞི་སྔགས་ཀྱི་ཆ་ལས། གྲོག་མ་ལ་སོགས་བསལ་བའི་ཕྱིར། །རྔ་མའི་ཆུན་པོ་བསྔགས་པ་ཡིན། ཞེས་གསུང་སོ།

བཅུ་བདུན་པ་བུམ་པ་བཤད་པ་ནི། བུམ་པའི་རྒྱུ་དང་། དབྱིབས། མཚོན་དོན་དང་གསུམ་ལས། དང་པོ་ནི། དུས་འཁོར་བསྡུས་རྒྱུད་ལས། དེ་བཞིན་ཤེལ་གྱི་བུམ་པ་དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དག་དང་ལྕགས་ཀྱི་དང་། །ཟངས་ཞེས་བྱ་དང་གསེར་གྱི་བུམ་པ་རབ་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ།། ཞེས་དང་། ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་གམ་རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ལྷ་མོ་རྣམས་ཀྱིས་ཁྲུས་བྱའོ། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། དེ་ནས་བུམ་པ་བྱ་བ་ནི། །རྩ་བ་ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱི་རུ་དངུལ་དང་ཟངས་མ་སྟེ། ཅེས་གསུང་སོ། གཉིས་པ་དབྱིབས་ནི། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་གྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །སྙིང་པོ་ལྡན་པའི་སྨན་སོགས་གཞུག ཅེས་དང་། རྡོ་རྗེ་སྙིང་རྒྱན་ལས། དེ་ནས་བུམ་པ་གཟུང་བྱ་བ། །རྩ་བ་ནག་ནོག་མེད་པ་དང་། །ཞབས་བརྟན་མགྲིན་རིང་མཆུ་འཕྱང་པ། ཅེས་སོགས་གསུང་སོ། གསུམ་པ་དབྱེ་བ་ནི། རྡོ་རྗེ་སྙིང་རྒྱན་ལས། རྣམ་རྒྱལ་བུམ་པས་དཀྱིལ་འཁོར་གྱི། །བདག་པོ་ལྷ་མོ་རྣམས་ཀྱི་བཞི། །ཞེས་དང་། སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི། །ལས་ཀུན་བྱེད་པས་བཟླས་བྱས་སྟེ། །ཞེས་རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་ཡོད་པར་བསྟན་ཏོ། བཞི་པ་མཚོན་དོན་ནི། ལྟོ་བ་ཟླུམ་པོ་ཆོས་སྐུ་དང་། མགྲིན་པ་ལོངས་སྐུ། ཁ་ཁྱེར་སྤྲུལ་སྐུ མགྲིན་བུག་ནས་བཅུད་འགྲོ་འོང་བྱེད་པ་སངས་རྒྱས་སྐུ་གསུམ་བདག་ཉིད་ཅན་དེས་འགྲོ་བའི་དོན་མཛད་པ་རྒྱུན་མི་ཆད་པ་དང་། བུམ་པ་སྤྱི་ཡིས་རྒྱལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཚོན་པ་སོགས་འགྲེལ་བཤད་མང་ངོ་།།

བཅོ་བརྒྱད་པ་རྔ་ནི། བདེ་མཆོག་སྡོམ་འབྱུང་ལས། དེར་ནི་པ་ཊ་ཧ་སོགས་དང་། །ཅང་ཏེའུ་སྒྲ་ནི་བཀྲ་ཤིས་རྔ། །རྔ་རིང་ལ་སོགས་སྣ་ཚོགས་པའི། །ཞེས་དང་། དཔལ་ནག་པོ་ཆེན་པོའི་རྒྱུད་ལས། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། པ་ཊ་ཧ་ཆེན་པོ་དང་ཞེས་སོགས་གསུང་སོ། །
བཅུ་དགུ་པ། སིལ་སྙན་ནི། སངས་རྒྱས་མཉམ་སྦྱོར་ལས། གླུ་དང་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམ་ལ་འབུལ། །ཞེས་དང་། གསང་བ་རྒྱན་གྱི་བཀོད་པ་ལས། ཇི་ལྟའི་སིལ་སྙན་རྡུང་སྤྱོད་ནི། །རྡུང་བའི་བདག་ཉིད་ཅན་གྱིས་དཀྲོལ། །དེ་ལས་བྱུང་བའི་སིལ་སྙན་ལན། །བསིལ་བས་སིལ་སྙན་ཉིད་དུ་བརྗོད། །ཅེས་དང་། ཕན་ཡོན་ཡང་། སྒྱུ་མ་བདེ་མཆོག་ལས། སིལ་སྙན་ཕྱག་རྒྱ་བཤད་པ་རྣམས། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའི། །ཆ་ལུགས་བཞིན་དུ་གར་བྱེད་པས། །མ་རུང་བ་ཡང་རབ་ཏུ་འགྲུབ། །ལས་རྣམས་ཀུན་ལ་མཆོག་ཏུ་ནི། །བརྡུང་ན་དཔལ་ནི་རབ་འགྲུབ་འགྱུར། །ཅེས་གསུང་སོ།།   །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *