འབྲུག་ཁམས་སྤྲུལ་དོན་བརྒྱུད་ཉི་མས་གླིང་གེ་སར་ལ་མཐོང་གཟིགས་གནང་ཚུལ།

ཁྱོན་3972བཀླགས་འདུག

༈སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་མཁྱེན་བརྩེ་ནུས་པའི་གཏེར་ཆེན་འབྲུག་ཁམས་སྤྲུལ་སྐུ་རབས་བརྒྱད་པ་དཔལ་ལྡན་ངག་དབང་མི་ཕམ་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཡེ་ཤེས་རིན་ཆེན་སྐལ་བཟང་དོན་བརྒྱུད་ཉི་མ་དགེ་ལེགས་འཕྲིན་ལས་ཀུན་ཁྱབ་བམ་མདོ་ཁམས་བརྒྱད་པ་ཁྲག་འཐུང་དགྱེས་པའི་རྡོ་རྗེ་མཆོག་ནི། ༡༩༣༡_༡༩༨༠ དགྲ་ལྷ་ཨ་ཏི་མུ་ཝེར་ཞེས་པའི་བྱིན་རླབས་ཀྱི་ཆ་ཙམ་ཐོབ་པས། དེའི་སྤྲུལ་པར་ཁས་འཆེ་བའི་རང་འདོད་ཅན་དེས། ཞེས་གསུངས་པ་ལྟར་དགྲ་ལྷ་ཨ་ཏི་མུ་ཝེར་རམ་བཀའ་བློན་ར་འདྲ་འཆི་བདག་ཡ་མེད་ཀྱི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས་ པར་མཛད། ར་འདྲ་འཆི་བདག་ཡ་མེད་ ནི ་རྒྱ་གར་འཕགས་ཡུལ་ན་འཇིགས་བྲལ་མཐུ་སྟོབས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིར་ཝ་པ་དང་། ཨོ་རྒྱན་ཆེན་པོའི་ཐུགས་སྲས་གནུབས་ཀྱི་རིགས་འཁྲུངས་ནམ་མཁའི་སྙིང་པོ། སེང་ཆེན་མི་ཡི་ཉི་མའི་ནུ་བོ་དང་གླིང་གི་གཅེས་ཕྲུག་རོང་ཚ་དམར་ལེགས་བཅས་ཀྱི་རྣམ་སྤྲུལ་དུ་ངེས་པའི་ཚུལ་ཡང་། རྗེ་མདོ་ཁམས་བརྒྱད་པ་ཉིད་ཀྱིས་ དགྲ་བླ་ཨ་ཏི་མུ་ཝེར་དུ་གྲགས་པའི་རྒྱུན་གསོལ་བསྡུས་པ་འཕྲིན་ལས་གློག་ཞགས་ལས། འཕགས་ཡུལ་དུ་གྲུབ་བརྙེས་༼བིར་ཝ་པ་ཆེན་པོ།༽ ཆོས་སྐྱོང་ཞབས། །བོད་ཡུལ་ གྱི་མཁས་གྲུབ་ ༼གནུབས་ནམ་མཁའི་ སྙིང་པོ།༽ ནམ་མཁའི་སྙིང་། །སྐུ་གེ་སར་ནུ་བོ་ ༼རོང་ཚ་ནོར་ བུ་ ལྷ་དར།༽ རོང་ཚའི་མཚན། །དཔའ་ལན་མེད་འཆི་བདག་ཁྲོས་པ་ ༼ར་འདྲ ་འཆི་བདག་ཡ་མེད།༽སོགས། །ཞི་ དྲག་གི་རོལ་ རྩལ་ཅིར་འཕྲུལ་མཁས། །དུས་ད་ལྟ་ཝེར་མའི་ཚོགས་དཔོན་ཆེ། །དཔའ་དགྲ་བླ་ཨ་ཏི་མུ་ཝེར་ ཁྱོད། །ཅེས་ དང་། བཀའ་བློན་ར་འདྲ་འཆི་བདག་ཡ་མེད་ཀྱི་གསོལ་མཆོད་དོན་གྲུབ་ཝེར་མའི་རྒྱང་གླུ་ལས། དཔལ་རྒྱལ་སྲས་ཐུ་བོ་ནམ་མཁའི་སྙིང་། །གྲུབ་བརྙེས་ཀྱི་རྒྱལ་པོ་ཆོས་སྐྱོང་ཞབས། །རྒྱལ་མཆོག་གི་བཀའ་བློན་འཆི་བདག་དཔོན། །ལྷ་ཞི་བར་སྟོན་ཚེ་ཨ་ཏིའི་མཚན། །དྲག་ གཏུམ་ཚེ་ཡེ་གཤེན་དབལ་ཐོག་རྒྱལ། །ཞེས་གསུངས་པས་ རྗེ་མདོ་ཁམས་བརྒྱད་པ་ཉིད་ ཀྱང་དམ་ པ་དེ་ རྣམས་ ཀྱི་ རྣམ་ སྤྲུལ་ དུ་ གོ། ར་འདྲ་འཆི་བདག་ཡ་མེད་ ཀྱིས་བྱིན་གྱིས་བརླབས་པ་ནི་ སྐུ་ན་གཞོན་དུས་མདོ་ ཁམས་བྲག་གཡབ་ཕྱོགས་སུ་གནས་སྐོར་ལ་ཕེབས་སྐབས་ཤིག་ཏུ་ཉམས་ཀྱི་སྣང་བར་རྒྱལ་འགོང་ཞིག་བྱུང་བས་ཉིད་ཀྱི་དབུ་བཅད་ནས་ཁྱེར་སོང་བར། གླིང་གི་དཔའ་བརྟུལ་རེད་ཟེར་བའི་རྟ་པ་གོ་ཁྲབ་ཅན་བརྒྱད་ཙམ་ཐོན་བྱུང་ བའི་ གྲལ་ན་བཀའ་བློན་ར་འདྲ ་འཆི་བདག་ཡ་མེད་འདུག་པས ་ཁྱོད་ཀྱི་དབུ་ དེ ་ཁྱེར་འགྲོ་རེད་ཟེར་ནས་ དཔའ་བརྟུལ་རྣམས་ར་མདའ་ལ་རྒྱུགས་སོང་ལ ། མཚམས་ཤིག་ན་ ར་འདྲས་དབུ་ཡར་བསྣམས་བྱུང་བའི་རྗེས་སུ་རྒྱལ་འགོང་དེ་ཡང་རྩེབས་འདུག་པས་ ཁོས་ བླ་མའི་དབུ་ཁྱེར་རྒྱུ་མ་ ལོན་ན་ཁོ་རང་གཏན་ནས་མི་འགྲོ་ཟེར། ར་འདྲ་ཡ་ མེད་ཀྱིས་ ཁྱོད་ལ་ བླ་མའི་དབུ་སྦྱིན་རྒྱུ་མེད་ཟེར་ནས་གླུ་ལེན་གླུ་སྐོར་བྱེད་འདུག་པ་ན། ཐ་མར་ར་འདྲས་ འདི་ཁྱེར་སོང་ཟེར་ནས་མི་མགོ་ནག་རིལ་ རིལ་བྱེད་པ་ཞིག་སྤྲད་སོང་བའི་སྣང་བ་བྱུང་ བས ་དེ་ནས་དུས་ཐུང་ནང་གནས་གྲོགས་གྲྭ་པ་ཞིག་གློ་བུར་དུ་སྐུ་གཤེགས་པར་གྱུར་ཅིང་། དེ་ནས་རྗེ་མདོ་ཁམས་པ་ཉིད་ལ་ རྒྱལ་འགོང་གི་གནོད་པ་འདྲ་བའི་བསྙུང་གཞི་ ཞིག་ སྔ་ནས་ཡོད་པ་ལས་གྲོལ་བར་གྱུར་ཚུལ་གསུངས། ཡང་རྗེ་མདོ་ཁམས་བརྒྱད་པ་ཉིད་གླིང་རྗེ་གེ་སར་གྱི་རྣམ་སྤྲུལ་དུ་ཞལ་བཞེས་གནང་བ་ནི། རྗེ་བཙུན་བླ་མ་ཉིད་ཀྱི་གདན་ས་ཁམས་པ་ སྒར་གྱི་ཉེ ་འདབས་མོ་རྟ་ཆུ་མགོར་དབྱར་སྐྱིད་མཛད་ནས་བཞུགས་ སྐབས། གླིང་དཀར་པོའི་སྤྲུལ་པའི་ཕུ་ནུ་དཔའ་བརྟུལ་ཐམས་ཅད་བྱོན་བྱུང་བའི་གྲལ་ན་ཁྲོ་ཐུང་ རྒྱལ་པོ་ཡང་འདུག་པས ་དེ་ ན་མིག་མཐོང་མཁན་ཞིག་ཡོད་པ་ལ་གཟིགས་ནས་ཐེངས་རེར་ བཞད། ཐེངས་རེར་རྣམ་འགྱུར་འདྲ་མིན་ སྟོན་པ་ཞིག་ བྱུང་བས། དེ་ནུབ་མིག་མཐོང་མཁན་དེ་ སྐལ་བཟང་དོན་བརྒྱུད་ཉི་མའི་མདུན་བཅར་ནས་དེ་རིང་དཔའ་བརྟུལ་ ཕུ་ ནུ་ཐམས་ཅད་ བྱོན་པའི་ གྲལ་ན་ གླིང་ རྗེ་གེ་སར་མི་འདུག་པ་ཅི་ཡིན་ནམ་ ཞུས་པས། གེ་སར་ང་རང་ཡིན་ཆགས་བྱེད་ པ་ཡིན་ན་ཅི་ཤེས་གསུངས། ཡང་ཁམས་པ་སྒར་ གྱིས་ཨོ་རྒྱན་སངས་རྒྱས་གཉིས་པའི་དུས་ཆེན་ལ་གུ་རུའི་ཚེས་བཅུ་འཆམ་ ནས་མཇུག་གྲོལ་དུས་ དེ་ན་མིག་མཐོང་མཁན་ཞི ག་ཡོད་པ་ རྗེ་མདོ་ཁམས་པ་ཉིད་ ཀྱིས་སྐུ་མདུན་ དུ་ བོས་ཏེ། དེ་རིང་ཚེས་བཅུའི་སྐབས་ལ་ལྟད་མོ་ཅི་འདྲ་འདུག་གསུངས། གནམ་ས་གཉིས་ཀྱི་ལྟད་མོ་དེ་དེ་རིང་མཇལ་རྒྱུ་འདུག །སྟེང་མ་ལྷའི་ཡུལ་ཁམས་འདྲ་བ་ ནས་གླིང་གི་དཔའ་བརྟུལ་ཕུ་ནུ་འཁོར་ཚོགས་དང་བཅས་པ་རང་རང་གི་འདོ་བ་ལ་བཅིབས། ཁྲབ་རྨོག་འཁོར་གསུམ་བྱས་ནས་ཕེབས་བྱུང་། དེ་ནས་ དཔའ་བརྟུལ་རྣམས་ཕྱིར་ཕེབས་ དུས་བློན་ཆེན་འདན་མ་ བསམ་འགྲུབ་ ཀྱིས་རྗེ་མདོ་ཁམས་པ་ཁྱེད་ལ་ཐུགས་འཁྲེང་བ་འདྲ་བས་ཕྱིར་གཟིགས་ལན་གསུམ་མཛད་སོང་བ་ཅི་ཡིན་ནམ་ཞུས་པས། བློན་ཆེན་ འདན་མས་ང་ལ་བརྩེ་བ་ཆེ་པས་ཨེ་ཡིན་ ནམ་ཞེས་གསུང་སྐད་ཐོས། གོ་འཇོ་གསེར་ཀ་གཞུང་ན་གསེར་ཀ་ཚང་གིས་གདན་འདྲེན་ཞུས་ནས་ཞག་བཞུགས་མཛད་སྐབས་ལྷ་སྲས་ཇོ་རུ་རྒྱལ་པོའམ་ཇོ་སྐྱིད་འོད་ལྡན་དཀར་པོ་ཤ་རྒྱས་ལ་ན་ཆུང་བྱིས་པ་གཞོན་ནུའི་ཚུལ་ཅན་སྐུ་མདོག་དཀར་གསལ་གཟི་བརྗིད་འོད་ཟེར་འཕྲོ་བ། ཞལ་རས་འཛུམ་མཛེས་ཡ་ཡ་ལ་བྱེད་པ། དབུ་ལ་དགོ་ཕོའི་ལྕོག་ཞུ་གསོལ་བ་ལ་འཇའ་རིས་དར་མཚོན་རུ་དར་དང་རྨ་བྱ་ནོར་བུའི་མདོངས་སྒྲོས་མཚན་པ། ཕྱག་གཡས་པས་འདོད་འབྱུང་ནོར་བུའི་རང་བཞིན་ལྕང་དཀར་བེར་ཀ་འཛུགས་སྟབས་སུ་འཛིན་ཅིང་། ཕྱག་གཡོན་པ་སྐེད་སྐབས་ལ་འགྱིང་ངེར་བརྟེན་པ། སྣ་ཚོགས་པའི་དར་དང་བེར་ལྷབ་ལྷུབ་ཏུ་གསོལ་བ། དངོས་གྲུབ་རྒྱ་མཚོའི་མཛོད་གྱུར་གཡང་སྒྱེ་ནུ་དགུ་རྒྱབ་ཏུ་བསྣམས་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ་ཞིག་གིས་ཞལ་གཟིགས་ཏེ་དེ་སྐབས་ཞལ་གཟིགས་ལྟར་གྱི་ཇོ་རུའི་ཐང་ཀ་ཡང་སྐུ་དངོས་ཀྱིས་འབྲི་བར་མཛད་པར་མ་ཟད། དེ་ནས་བསྐུལ་བ་པོའི་བཞེད་སྐོང་དུ་ཇོ་རུའི་སྒོ་ནས་ཚེ་སྒྲུབ་མི་ཤིག་རྡོ་རྗེའི་སྲོག་སྒྲུབ་དང་། ནོར་སྒྲུབ་རྨད་བྱུང་ནོར་བུའི་གཏེར་མཛོད། སྒྲུབ་འཕྲིན་ཉུང་ངུ་དྲིལ་བ་བསམ་འགྲུབ་བཀྲ་ཤིས་བུམ་བཟང་། བསང་མཆོད་གྲུབ་པ་རྒྱ་མཚོའི་གཏེར་གྱི་ལྷུན་གྲུབ་བཅས་ཇོ་རུའི་སྒོ་ནས་ལས་སྣ་ཚོགས་སྒྲུབ་པའི་ཐབས་འདོད་འབྱུང་ནོར་བུའི་ཕྲེང་བ་བྱ་བ་བརྩམས་པར་མཛད། མདོ་ཁམས་པ་ཉིད་ཀྱིས་གདོང་གི་ སྤྱི་དཔོན་ རྒྱལ་པོའི་མཆོད་གསོལ་རང་རིག་དཔའ་བོའི་ གླུ་ ཕྲེང་ལས། དགྲ་ ལྷའི་རྗེས་འཇུག་ དགྲ་ ལྷའི་འཕྲུལ། །དགྲ་ ལྷས་བཏགས་མིང་གཡུང་ དྲུང་པས། །དགྲ་ ལྷ་དགྱེས་ བྱེད་ཡིན་ སྙམ་ སྤེལ། །ཞེས་ གསུངས་པ་ལྟར་ མདོ་ཁམས་བརྒྱད་པ་ཉིད་ལ་དགྲ་བླའི་ རྒྱལ་པོས་ཞང་ཞུང་གི་སྐད་དུ་མཚན་གསོལ་བ་ལ་མུ་ཙུག་དྲུང་མུ་ ཟེར་ཞིང་། དེ་ཉིད ་བོད་ཀྱི་སྐད་ལ་བཀྲ་ཤིས་གཡུང་ དྲུང་ངམ་མི་འགྱུར་ནམ་མཁའ་གཡུང་ དྲུང ་བྱ་བ་ཡིན། གླིང་ རྗེ་སེང་ཆེན་ སྐྱེས་ བུས་ བྱིན་ གྱིས་བརླབས་པའི་ ཚུལ་ རྗེ་ཉིད་ཀྱི་གསུང་ཟུར་ན་གསལ་བ་དང་ གླིང་ སྒྲུང་ལ་འཇར་ གླིང་གཡུལ་འགྱེད་དང་ ཨུ་ཡན་འཕྲུལ་རྫོང་བཅས་བརྩམས་པར་མཛད་པའི་ཚུལ་ཡང་། འཇམ་དཔལ་རྡོ་རྗེ་སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྒྲུབ་ཐབས་མདོ་དོན་སྙིང་པོར་དྲིལ་བ་བྱ་བའི་མཇུག་ བྱང་ དུ། དེང་དུས་རྒྱལ་བསྟན་ལྷ་ཡི་ལམ་ཡངས་པོ། །སྒྲིབ་ལ་མངོན་བརྩོན་ནག་པོའི་སྤྲིན་གཏིབས་དུས། །འཐོར་བྱེད་སྟོབས་ཀྱི་རྡོ་རྗེའི་རླུང་ཆེན་པོ། །ཁྱོད་མིན་ཕྱོགས་དུས་གར་ཡང་གཞན་མ་ལངས། །དེ་མཉེས་སྒྲུབ་ཐབས་པདྨ་དཀར་པོའི་ཚུལ། །ལྷ་མཆོག་ཐུགས་རྗེའི་འཛུམ་དཀར་ལ་བརྟེན་ནས། །བདག་བློའི་རྫོང་དབུས་ནས་ཐོན་རྒྱས་གྱུར་པ། །སྐལ་བཟང་བུང་བ་རྣམས་ཀྱིས་ཉེར་སྤྱད་འོས། །ཞེས་སོགས་ ད ང་། འཛམ་གླིང་གེ་སར་འཕྲུལ་གྱི་རྒྱལ་པོའི་རྟོགས་བརྗོད་ལས་ཕྱི་གླིང་འཇར་གྱི་རྒྱལ་ཁམས་བཏུལ་བའི་གཡུལ་ འགྱེད་དཔའ་བོ་སྙིང་གི་དགའ་སྟོན་ངོ་མཚར་གཏམ་གྱི་ལེའུ་དང་འབྲེལ་བའི་དྲེལ་རྫོང་དང་གོ་རྫོང་གཙོར་གྱུར་པའི་གཡང་གཏེར་གྱི་སྒོ་མོ་ཕྱེ་བའི་གཏམ་ངོ་མཚར་དགོས་འབྱུང་བསམ་འཕེལ་ནོར་བུའི་མཛོད་ཁང་ ཞེས་ བྱ་བའི་མཇུག་ རྩོམ་ དུ། འཛམ་གླིང་སྐྱེས་མཆོག་སྐུ་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་ཕྲེང་བ་བགྲངས་ཀྱིས་མི་ལངས་པའི་ནང་ཚན་ལས། ཕྱི་གླིང་རྫོང་ཁག་ནང་ནས་ཆུང་ཤོས་སྟོབས་རྩལ་འགྲན་ཟླ་མེད་པའི་ཡུལ། འཇར་བདུད་གནམ་གྱི་རྒྱལ་པོ་བློན་འབངས་དཔུང་བཅས་ཆམ་ལ་ཕབ་ཅིང་། དྲེལ་གཡང་གིས་གཙོས་པའི་རྫོང་གཏེར་ནོར་བུའི་བང་མཛོད་གཡང་གི་སྒོ་ མོ་ཕྱེ་བའི་ངོ་མཚར་གཏམ་གྱི་ཕྲེང་བ་འདི་ནི། གླིང་གེ་སར་དགྲ་བླའི་རྒྱལ་པོ་འདི་ཉིད་ཀྱིས་སྐྱེ་བ་སྔ་གོང་ལ་ཐུགས་རྗེའི་དྲིན་གྱིས་ཉེ་བར་འཚོ་བའི་ཕྱོགས་སུ་རེ་བའི་རློམ་སེམས་ཅན་སེར་གཟུགས་ཟོལ་བརྫུ་མཁན་པོ་བོ་དྷི་ས་ཏྭ་དྷརྨ་མ་ཏི་༼བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས།༽ཞེས་འབོད་པ། དགྲ་ལྷ་ཨ་ཏི་མུ་ཝེར་ཞེས་པའི་བྱིན་རླབས་ཀྱི་ཆ་ཙམ་ཐོབ་པས། དེའི་སྤྲུལ་པར་ཁས་འཆེ་བའི་རང་འདོད་ཅན་དེས། རང་གི་བློ་ལ་གང་ཤར་ཐོལ་བྱུང་དུ་མུ་ཅོར་དུ་སྨྲས་པ་ཀུན་བཀོད་པ་སྟེ། འདིའང་བློ་ལ་ཤར་བྱུང་བབ་པའི་དགོངས་གཏེར་ལ་སོགས་པའི་ཚུལ་ཅན་གྱི་ཕྱོགས་ཙམ་མ་ཡིན་མོད། སྐྱེས་བུའི་རྣམ་ཐར་རྟོགས་པར་བརྗོད་པའི་ཉེ་བར་ཨེ་འགྱུར་རེ་བས་ཡི་གེའི་ལམ་ལ་བཀོད་པ་སྟེ། འདིའང་དོན་དང་ལྡན་པ་ཉིད་དུ་གྱུར་ཅིག་གུ། །ཞེས་དང་། འཛམ་གླིང་གེ་སར་རྒྱལ་པོས་ཤར་ཕྱོགས་ཨུ་ཡན་རྒྱལ་ཁམས་ཆམ་ལ་ཕབ་ཅིང་དངུལ་གཡང་སོགས་ནོར་གཏེར་སྣ་ཚོགས་བཞེས་པའི་རྟོགས་པ་བརྗོད་པའི་མཇུག་རྩོམ་དུ། རིགས་གསུམ་པདྨའི་སྒྱུ་འཕྲུལ་སྐྱེས་མཆོག་དོན་འགྲུབ་ཝེར་མའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་རྩལ་ཞེས་མཚན་སྙན་གྱི་བ་དན་སྲིད་ རྩེར་བསྒྲེངས་པའི་རྩ་གསུམ་ཀུན་འདུས་བདག་ཉིད་ཅན་དེ་ཡི་རྣམ་ཐར་རྒྱ་མཚོ་ལྟ་བུའི་ཆ་ཤས་ཤར་ཕྱོགས་སུ་ཨུ་ཡན་རྒྱལ་ཁབ་བཏུལ་ཞིང་། དངུལ་གཡང་གཙོ་བོར་གྱུར་པའི་གཏེར་རྫོང་ཕྱུག་མོ་གཡང་དུ་བཞེས་པའི་ལོ་རྒྱུས་མདོ་ཚངས་བཀོད་པ་འདིའང་། རང་གི་བློ་ལས་གང་ཐོན་ཚད་འཛིན་གྱིས་སུག་བྲིས་སུ་བྱས་པ་བར་སྐབས་ལོ་ཤས་རིང་འབྲི་རྒྱུ་མ་བྱུང་ནས་འཕྲོས་ལུས་སོང་བ་ན། མོས་ལྡན་རྣམ་མང་དག་དང་། སྐྱབས་མཆོག་རྡོ་རྗེ་འཆང་མཚན་སྤྲུལ་རིན་པོ་ཆེ་༼བསོད་ནམས་བསྟན་འཛིན་ནམ་འཇམ་དཔལ་ནོར་བུ།༽ལ་རྟེན་འབྲེལ་གྱི་གནད་གསང་ལེགས་པས་ཅིས་ཀྱང་མཐར་འདོན་འོས་ཞེས་རྡོ་རྗེའི་བཀའ་ལུང་ཡང་ཡང་སྤྱིར་བཅིངས་ལྟར་འབྲི་འདུན་སྙིང་ལ་བཅགས་ཀྱང་། རེ་ཞིག་གཡེངས་དབང་ཤོར་བས་རིམ་ལུས་སོང་ཡང་། རབ་རྒྱལ་གསེར་འཕྱང་གཉིས་སྐྱེས་ལོའི་ཟླ་༨ཚེས་༢༥ནས་བརྩམས། རིམ་བཞིན་ཡི་གེའི་ལམ་དུ་སུག་རིས་སུ་བྱས་ནས་ལོ་དེའི་ཟླ་༡༡ཚེས་༡༩དགེ་བར་མཐའ་གྲུབ་པར་བྱེད་པ་པོ་ནི། སྐྱེ་ཀུན་རིགས་གསུམ་པདྨ་འདུས་བདག་གེ་སར་ནོར་བུ་དགྲ་འདུལ་གྱི་ཐུགས་རྗེའི་བསིལ་འོག་ཏུ་ངལ་འཚོ་ཐོབ་པ། གང་གིས་རྣམ་མང་ཕྲིན་ལས་ཀྱི་ཁ་ལོ་གར་ཡང་བསྒྱུར་ཚེ་བྲན་དུ་སྨོན་པའི་བློ་ཅན་ཆོས་ཀྱི་སེང་གེ་ཞེས་སམ། མིང་གཞན་མི་འགྱུར་ནམ་མཁའ་གཡུང་དྲུང་ཞེས་བྱ་བ་དེས་བགྱིས་པ། དགེ་བའི་མཐུ་ལས་རིས་མེད་པའི་ཐུབ་བསྟན་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། ནག་ཕྱོགས་བདུད་ཀྱི་རུ་དར་བསྙིལ་ཞིང་། དཀར་པོ་དགེ་བའི་བ་དན་མཁའ་ལ་འཕྱར་ནས་འགྲོ་ཀུན་ཕན་བདེ་མི་འཛད་པའི་དཔལ་ལ་དུས་རྟག་ཏུ་སྤྱོད་པའི་རྒྱུར་གྱུར་ཅིག །ཅེས་ གསུངས་སོ། །རྗེ་ཉིད་ ཀྱི་དག་སྣང་ ལས་བྱོན་པའི་སྐྱེས་མཆོག་གེ་སར་སྐྱེས་བུའི་ཆོས་སྐོར་བྱིན་རླབས་ཀྱི་ཚན་ཁ་གནད་དུ་ཆེ་བ་མང་དུ་མཛད་པ་ལ་ རྫོང་སར་མཁྱེན་བརྩེའི་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། དིལ་མགོ་ མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར། ཆབ་མདོ་མཚན་སྤྲུལ་འཇམ་དཔལ་ནོར་བུ་སོགས་ ཀྱིས་ཀྱང་དད་པའི་མེ་ཏོག་འཐོར་ནས་ཆེད་དུ་བརྗོད་པར་མཛད། རྗེ་མདོ་ཁམས་བརྒྱད་པ་ཉིད་ཀྱིས་ཁམས་པ་སྒར་གྱི་སྒྲུབ་སྡེའི་དབུ་རྩེ་ན་གླིང་རྗེ་གེ་སར་ལ་དཔའ་བདུད་བརྒྱད་ཅུ་གཉན་ཆེན་སྡེ་བཞི་ཁམས་པ་དགོན་གྱི་མདུན་རྒྱབ་ཀྱི་གནས་བདག་བཅས་ ཀྱི་འབུར་སྐུ་བྱིན་ལྡན་ངོ་མཚར་ཅན་བཞུགས་པའི་གེ་སར་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ནས་གླིང་རྗེ་གེ་སར་དཔའ་བརྟུལ་བཅས་པའི་མཆོད་གསོལ་གྱི་རྒྱུན་བཙུགས་པར་མཛད་ཀྱང་། དུས་འགྱུར་ཆེན་མོའི་སྐབས་ཁམས་སྒར་སྒྲུབ་སྡེ་དང་གེ་སར་ལྷ་ཁང་ཕྱི་ནང་རྟེན་བཅས་གཏོར་བརླགས་བཏང་བར་མ་ཟད། སྐྱེ་བོ་མཛེ་ནད་ཀྱིས་ཐེབས་པ ་རྣམས་ དེར་འདུག་བཅུག་པས་ས་བཙོག་པར་ གྱུར་སོང་ སྟབས། ད་ལྟ་ཁམས་སྒར་ལྷ་ཁང་རྙིང་པའི་ཡང་ཐོག་ཏུ་སྔར་བཞིན་གེ་སར་ལྷ་ཁང་ཕྱི་ནང་རྟེན་བཅས་ལེགས་པར་བཞེངས་མཛད་ཡོད། རྗེ་མདོ་ཁམས་བརྒྱད་པ་ཉིད་ཀྱིས་ཕྱག་རིས་མཛད་པའི་གླིང་རྗེ་གེ་སར་གྱི་ཞལ་ཐང་དང་། རིག་འཛིན་འཛམ་གླིང་རྒྱན་མཆོག་གི་ཙཀླི། རྗེ་མདོ་ཁམས་པ་ཉིད་ཀྱིས་ཞལ་བཀོད་མཛད་དེ་ནང་ཆེན་ཨ་ལྡེའུ་བརྒྱད་པ་ གྲུབ་རིག་ཁྱུ་མཆོག་གིས་ཕྱག་བཟོ་མཛད་པའི་ཞལ་གཟིགས་ལྟར་གྱི་ཇོ་སྐྱིད་འོད་ལྡན་དཀར་པོའི་འབུར་སྐུ་ཁྲུ་ཚད་ཅན་སོགས་ད་ལྟ་ཡང་བཞུགས་ཡོད་དོ། །གོང་གསལ་གྱི་ལོ་རྒྱུས་འདི་ནི་གུས་པ་རང་ཉིད་ཆེད་དུ་ཁམས་པ་སྒར་དུ་སོང་དུས་ཀྱི་མཐོང་ཐོས་མྱོང་གསུམ་བྱུང་བ་དང་། རྗེ་མདོ་ཁམས་བརྒྱད་པ་ཉིད་ཀྱི་གེ་སར་སྐོར་གྱི་གསུང་ཆོས་དང་གླིང་སྒྲུང་དག་ལ་བརྟེན་ཏེ་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་བྲིས་པ་ཡིན་ནོ། །
རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་སོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *