ཁམས་སྒར་ཚེས་བཅུའི་ལོ་རྒྱུས།

ཁྱོན་4278བཀླགས་འདུག

ཁམས་སྤྲུལ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་དགོང་ལོ་༣༢སྟེང་ལ་གུ་རུ་པདྨ་འབྱུང་གནས་ཟླ་བ་བརྒྱད་དུ་བཞུགས་པར་གཏེར་ལུང་དུ་མ་ནས་གྲགས་པའི་གནས་མཆོག་ཟླ་རྒྱལ་གོ་ཆེན་ཕུག་ཏུ་བསྐྱེད་རྒྱ་དང་སྐྱབས་གཅིག་མ་ཧཱ་གུ་རུ་ལ་གསོལ་འདེབས་རྩེ་གཅིག་ཏུ་གནང་ནས་བཞུགས་སྐབས། ཆུ་འབྲུག་སྤྲེལ་ཟླའི་ཚེས་བཅུའི་ཐོ་རེངས་ཁར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་གསུམ་རིགས་དྲུག རྣམ་རོལ་སྤྲུལ་པའི་མཚན་བརྒྱད། དཔའ་བོ་གིང་ཆེན་སྡེ་འཁོར། དཀོན་མཆོག་རྩ་གསུམ་རྒྱ་མཚོ། ལངྐ་ལྷ་དང་ལྷ་མོ། དྲེགས་པ་ལྷ་སྲིན་སྡེ་བརྒྱད་སོགས།  ད་ལྟའི་ཚེས་བཅུའི་འཆམས་བཀོད་སྟངས་སྟབས་དང་བཅས་པའི་ཚུལ་ཇི་ལྟ་བར། ནམ་མཁའ་འཇའ་ཀློང་གི་དབུས་སུ་སྟངས་སྟབས་དང་བཅས་བྱོན་ནས། གོ་བོའི་ཚང་དུ་ཉལ་བའི་རྒོད། །དུས་བབས་ཉེ་བར་འཕུར་ན་ལེགས། །ཡངས་པའི་རྒྱལ་ཁམས་ལྟད་མོ་དེ། །ངལ་མེད་ལྟ་བ་དོན་དུ་ཆེ། ། ཞེས་དང་། དུས་ཀྱི་རྒྱལ་པོ་མཆོད་པར་བརྩོན། །ཁྱད་པར་ཅན་གྱི་ལོ་ཚེས་ལ། །འདི་ལྟར་ཡ་མཚན་བཀོད་པའི་འཕྲུལ། །དངོས་སུ་སྣང་བའི་ཟློས་གར་སྟོན། །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་ཀྱི། །མོས་པའི་འགྲོ་བ་རྣམ་མང་གི། །མིག་ལ་ལྷ་ཡི་དཔལ་ཡོན་བསྐྱེད། །ཡིད་ལ་དད་པའི་ས་བོན་ཐོབ། །སོགས་སྤྲོས་བཅས་ཚེས་བཅུ་ཆེན་མོ་འཛུགས་དགོས་པའི་ལུང་བསྟན་པ་དང་། རྗེ་ཡོངས་སུ་འཛིན་པ་ཆེན་པོས་ཀྱང་། སྐྱེས་བུ་ཆེན་པོ་དག་གཅིག་པུར་སྤོང་བའི་བརྟུལ་ཞུགས་ལ་གཞོལ་བ་བསྔགས་འོས་ཀྱི་ཡོན་ཏན་དམ་པའི་རྒྱུར་གྱུར་ཀྱང་། ཉིད་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོའི་ཁུར་བཞེས་གྲུབ་པ་ཞིག་ཡིན་ཕྱིར་བསྟན་འགྲོའི་ཕན་བདེ་སྐུ་དངོས་ཀྱིས་སྤེལ་བར་མཛད་པ་ཞིག་གལ་ཆེ་བར་བསྐུལ་བ་སོགས། ལྷ་དང་བླ་མའི་གསུང་དབྱངས་གཅིག་པས། སྒྲུབ་ཆེན་གྱི་མཁོ་དགོས་ཡོ་བྱད་དག་ཚགས་སུ་ཚུད་པར་མཛད། སྒྲུབ་པའི་ཕྱག་བཞེས་དག་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱི་ཕྱག་བཞེས་འཁྲུལ་མེད་གདན་ས་བདེ་ཆེན་ཆོས་འཁོར་དུ་ཇི་ལྟར་བཞུགས་པའི། གདངས་དབྱངས་གར་འཆམས་རོལ་མོ་འབུད་རིགས་སོགས་བསླབས་པར་མཛད་ཅིང་། གཞན་རྩེ་ལུགས་ཀྱི་ཚེས་བཅུའི་ཕྱག་བཞེས་འཆམས་དབྱངས། གཏོར་བཟོ། ཐིག་ཚོན་འབུད་རིགས་སོགས་ཀྱང་བསླབས་པར་མཛད་ནས། རབ་བྱུང་༡༢པའི་མེ་སྤྲེལ་སྤྱི་ལོ་༡༧༡༦སྤྲེལ་ཟླའི་ཚེས་པ་༡༠ལ་ཉག་གཤིས་ཕུན་ཚོགས་བདེ་ཆེན་གྱི་བསྟི་གནས་སུ། ས་ཡི་ཚངས་པ་ཆེན་པོས་སྦྱིན་བདག་ཞུས་ནས་ཡང་ཟབ་ཚེས་བཅུའི་སྒྲུབ་པ་དབུ་འཛུགས་ཞུས་ཤིང་། དེ་ནས་ད་ལྟ་བར་དུ་མཐོང་རྒྱུད་ཀྱི་ཕྱག་ལས་མ་ཉམ་པར་ལོ་རེར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་རེ་འཚོགས་བཞིན་ཡོད་པ་དང་།  སྒྲུབ་གཞུང་གཏེར་ཁ་གོང་མ་མངའ་བདག་ཉང་གི་གཏེར་མ་བླ་མ་བདེ་གཤེགས་འདུས་པ་དང་།  གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་གཉིས་དང་།  གཙོ་བོ་མངའ་བདག་ཉང་གི་རྣམ་སྤྲུལ་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཆོས་སྐོར་གསུམ་སྦྲེལ་ཞི་ཁྲོ་སྦྲག་སྒྲུབ་ཀྱི་ལས་བྱང་ཆེན་མོ།  འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཕབས་པ།  སྒྲུབ་ཆེན་གྱི་ཁོགཱ་དབུབ་སོགས་རྒྱས་ཚངས་སུ་བཞུགས་པ་དེ་ཉིད་དང་།  བར་མཚམས་སུ་ཡེ་ཤེས་ལྷའི་གར་འཆམ་ཡང་།  སྔར་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་ས་འདུལ་མཛད་སྐབས་འཆམས་པར་གྲགས་པའི།  དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་དང་འབྲེལ་བའི་ཕྱག་རྒྱའི་གར་འཆམ་ཀུན་བཟང་རྩེ་བའི་ཕྱག་གཞེས་སུ་གྲགས་པ། སྟོད་ལས་བྱང་ཆུབ་ཆེན་པོའི་ས་གཞི་བྱིན་གྱི་རླབས་པ་དང་། ཕྲ་ཕྱག་དམ་ཅན་རྣམས་ཀྱི་བསྐུལ་འཆམ་དང་འབྲེལ།  སྨད་ལས་དགྲ་བགེགས་སྒྲོལ་འཆམས་ཀྱིས་བྱང་ཆུབ་སྒྲུབ་པའི་གེགས་བྱེད་ཐམས་ཅད་ཚར་གཅོད་པའི་སྟངས་སྟབས་བཅས་རྩ་འཆམས་སུ་གྲགས་པ་སྔགས་ཆས་བྷན་ཕུར་ཐོགས་པ་འཆམས་པ་ཉེར་གཅིག་ཡོད་པ་དེ་དང་། དེའི་སྔོན་དུ་བར་ཆད་ཀྱི་བགེགས་སྐྲོད་པའི་སྤྲུལ་པའི་ཁྲོ་གིང་ཕོ་མོའི་འདུར་འཆམ་ད་ལྟ་གྲི་གིང་དུ་གྲགས་པ་དེ་དང་། ཕྱོགས་སྐྱོང་ཕོ་མོ་བཏུལ་ཞིང་རིགས་ལྔའི་རང་བཞིན་དུ་ནོར་འཛིན་གྱི་གཞི་བྱིན་གྱིས་རླབས་པའི་གར་འཆམས་ས་གར་ཞེས་གྲགས་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་དགོངས་ཉམས་ལྟར་གར་ཆས་རྡོ་དྲིལ་ཐོགས་པའི་གར་པ་བཅུ་དྲུག་ཡོད་པ་དེ་དང་། བདུད་དང་ལོག་པར་འདྲེན་པས་གླགས་རྙེད་པ་མེད་པའི་སྲུང་འཁོར་གྱི་ངོ་བོ་ངེས་པ་ལས་རྣམ་པ་ཁྲོ་ཆེན་ཡབ་ཡུམ་ཉི་ཤུའི་སྟངས་སྟབས། ད་ལྟའི་ཕྱག་གཞེས་སུ་ཁྲོ་བོ་བཅུ་ཡི་རྣམ་པ་ཙམ་ལས་མི་འདུག སྣོད་བཅུད་ཡོངས་ལ་དབྱིངས་ཀྱི་བྱིན་ཆེན་འབེབས་པའི་གར་འཆམས་བྱིན་འབེབས་ཞེས་གྲགས་པ་༧ཞབས་པད་རིན་པོ་ཆེས་འཆམས་སྲོལ་ཡོད་པ་འཆམ་གཞུང་ནི་རྗེ་ཀུན་དགའ་བསྟན་འཛིན་ཀྱི་དག་སྣང་ལས་བྱུང་བ་དེ་དང་། དངོས་གཞི་ཚེས་བཅུ་ཉིན་དེར། ཨོ་རྒྱན་གཙོ་འཁོར་གྱི་རྣམ་པ་འབྱོན་བཞུགས་དང་། བསྟོད་ཚིག་བསྟུན་པའི་མཚན་བརྒྱད་འཆམ་སྟབས་ཙམ་ལས་མཛད་སྲོལ་རྒྱས་པའི་རིགས་གྲྭ་ས་གང་དུའང་མཛད་པར་མ་མངོན་ཀྱང་། ༧རྗེ་ཉིད་ཀྱིས་གནས་མཆོག་ཟླ་རྒྱལ་གོ་ཆེན་ཕུག་ཏུ་ཉམས་སྣང་ཞལ་གཟིགས་བྱུང་བ་ཀུན་སྐྱེ་དགུའི་མིག་དང་སེམས་ཀྱི་དཔལ་ཡོན་དུ་བརྡ་གཉིས་ཐབས་ཀྱིས་སྟོན་པ་དང་། གཞན་ཡང་དགོས་དབང་ཁྱད་པར་ཅན་དུ་མ་བཅས། གང་དུ་སྤྱན་འདྲེན་པའི་གནས་ནི་འཛམ་བུ་གླིང་འདི་ཡིན་སྟབས། དེའི་མཚོན་བྱེད་དུ། རྒྱ་དཀར་ནག་བལ་པོ་ཧོར་སོགས་ཀྱི་མི་རིགས། བོད་ཀྱི་རྒྱལ་རིགས་བློན་པོ། དགེ་སློང་། རྣལ་འབྱོར། རིག་འཛིན། བོན་དང་མུ་སྟེགས་ཀྱིས་མཚོན། མི་ཡུལ་གཙོ་བསྡུས་དང་། གླིང་བཞི་སྤྱི་ཡི་མི་རིགས་སོགས་རིམ་དོན་མཐའ་བསྐོར་ནས། རིགས་དང་གྲོལ་བར་སྨྲ་བའི་དགེ་འདུན་གྱི་ཚོགས། ཕྱི་ལྟར་འདུལ་བའི་ཆས། ནང་ལྟར་གསང་སྔགས་ཀྱི་ཆོ་ག གསང་བ་དོན་དམ་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་མས་སྤྱན་དྲངས། དངོས་གཞི་རྗེ་ཉིད་ཀྱི་དག་སྣང་ལས་ཇི་ལྟར་བྱུང་བ་ལྟར་ལས། གསང་འཁོར་བཀའ་དྲིན་ཅན་དུ་གྲགས་པ་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ཟངས་མདོག་དཔལ་རིར་ཕེབས་སྐབས་ཀྱི་དག་སྣང་མ་གཞིར་བྱས། རྗེ་ཉིད་ཀྱི་དག་སྣང་ལས་བྱུང་བའི་གར་གསར་མས་ཟུར་རྒྱན་མཛད་ཅིང་སྣོད་བཅུད་ཡོངས་ལ་བཀྲ་ཤིས་བྱིན་ཆེན་གྱི་ཆར་གྱིས་བརླན་པར་མཛད་པ་དེ་དང་། གཞན་སྤྲུལ་པའི་གུ་རུ་མཚན་བརྒྱད།  ཕྱག་འཚལ་དཔའ་བོ་གིང་བཞི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ།  བསྟོད་མཛད་མཁའ་འགྲོ་སྡེ་ལྔ་བཅས་རང་རང་སོ་སོའི་སྟངས་སྟབས་བསྒྱུར་ཞིང་གཙོ་འཁོར་བཅས་དབྱིངས་སུ་བསྡུས་པ་དང་། དེའི་ཕྱི་ཉིན་ནས་རིམ་བཞིན།  སྲུང་མ་ཞིང་སྐྱོང་དབང་པོ་འཁོར་སྡེ་བརྒྱད་བཅས་པ་འབག་འཆམས་བྷན་ཕུར་ཐོགས་པ།   དཔལ་ཆེན་ཆེ་མཆོག་འགྱིང་ཉམས་དང་བཅས་པ་ལྷ་དགུའི་སྟངས་སྟབས། དཔལ་མགོན་མ་ནིང་གཙོ་འཁོར། པདྨ་དྲག་པོ། རིགས་རྣམས་ཡོངས་བསྡུས་སོགས་འབག་འཆམས།  ལས་བྱང་དེ་ཉིད་ཀྱི་བསྒྲལ་ལས་དང་འབྲེལ་བའི་ཟོར་འཆམས་ཚེ་བདག་ཏུ་གྲགས་པ་དང་།  ལྷོ་གཏེར་ནས་འབྱུང་བའི་ཚོགས་ལེན་དང་།  རྡོ་རྗེའི་གིང་ཆེན་བཅུ་དྲུག་བཅས་ཉིན་བདུན་གྱི་རིང་ལ་སྒྲུབ་པ་འཆམ་དང་སྦྲེལ་བ་འདི་མདོ་ཁམས་ཡུལ་གྱི་འབྲུག་དགོན་ཡོངས་ཀྱི་ཆུ་མགོ་ལྟ་བུ་ཁམས་པ་སྒར་གྱི་ཕྱག་སྲོལ་མ་ཉམས་པར་ལོ་བརྒྱ་ཕྲག་གསུམ་ཙམ་གྱི་རིང་ལ་རྒྱུན་ཆད་མ་མྱོང་བའི་ལོ་རེའི་སྒྲུབ་མཆོད་ཆེན་མོ་ཞིག་ཡིན་ལ།  ད་ལྟའང་ཁམས་པ་སྒར་གཞིས་བྱས་གཉིས་ནས་ལོ་ལྟར་ཆག་མེད་ཀྱི་རྒྱུན་འཛུགས་གནང་བཞིན་ཡོད་པ་དང་། བསྟན་འགྲོའི་དུས་རིམ་ཆེན་མོ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ནི་ལོ་རེའི་སྤྲེལ་ཟླའི་ཚེས་པ་བཅུ་ལ་ཁེལ་བར་འཚོགས་གནང་གི་ཡོད་ལ། དེ་ལྟར་དགོས་པ་ཡང་། བླ་མ་གསང་འདུས་ཐེམ་མེད་ལས།  །དུས་ཀྱི་རྒྱལ་པོའི་ཚེས་བཅུ་ཐམས་ཅད་ལ། །སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད། །མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར། །མི་ཚེ་བླ་མ་སྒྲུབ་པ་ལ། ། བསྐྱེལ་ནས་ཚེ་ཡི་དུས་བྱས་ན། །ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། ། ཞེས་དང་།  ཞལ་གདམས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་ཆེན་བཅུའི་ཉིན་པར། །ཨོ་རྒྱན་ང་དངོས་བོད་ཡུལ་ཐམས་ཅད་དུ། །ངེས་པར་བྱོན་ནོ་ང་ཡི་ཐ་ཚིག་ཡིན། །ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ། ། སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རེ། །ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད། །ཅེས་སོགས་རྒྱ་ཆེར་གདམས་པ་ལྟར། དུས་རིང་གི་རབ་བྱུང་རེ་རེའི་ནང་ཤིང་ཁམས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི་དུས་ཆེན་བཞི་འཛོམས་ཏེ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སིནྡྷུའི་མཚོ་གླིང་དུ་སྐུ་འཁྲུངས་པའི་དུས་ཆེན་ཡིན། དུས་འབྲིང་ལོ་སྐོར་རེའི་ནང་གི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི་དུས་ཆེན་སུམ་འཛོམས་དང་། དུས་ཐུང་ངུའི་ལོ་རེའི་སྤྲེལ་ཟླའི་ཚེས་པ་བཅུ་ནི་དུས་ཆེན་ཉིས་འཛོམས་དང་། དུས་ཤིན་ཏུ་ཐུང་ངུ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ནི་དུས་ཆེན་གཅིག་འཛོམས་རྣམས་ནི།  སློབ་དཔོན་རིན་པོ་ཆེའི་མཛད་ཆེན་ཕལ་ཆེར་སྟོན་པའི་དུས་ཆེན་དང་། ལྷག་པར་ཚེས་བཅུ་ནི་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པས་མཆོད་བསྟོད་སྒྲུབ་པའི་ལས་ལ་འཇུག་དགོས་པ་ཡང་། ཀུན་སྤྱོད་ལས།  དགུན་ཟླ་ལ་སོགས་ཟླ་བ་ཡི། །བཅུ་ལ་རབ་ཏུ་མཆོད་པ་བྱ། ། ཞེས་གསུངས་པ་ལྟ་བུའི་རྒྱུ་མཚན་དང་དུས་ཆེན་སོགས་དང་བསྟུན་གྱི་ཡོད། སྤྲེལ་ཟླ་ངོས་འཛིན་ཕྱོགས་ལ། འཇིག་རྟེན་གྲགས་པ་ལྟར་ན། སྤྲེལ་ས་སྔོན་གནམ་སྔོན་ཟེར་བ་བོད་ཟླ་གསུམ་པ་ཙམ་ཞིག་ལ་ངོས་བཟུང་བ་དང་། ཡང་སྤྲེའུས་ཤིང་ཐོག་བསྙབས་པས་སྤྲེའུ་ཟླ་ཟེར་བ་བོད་ཟླ་བདུན་པ་ལ་ངོས་བཟུང་བ་སོགས་ལུགས་མི་འདྲ་བ་ཁག་ཁ་ཤས་ཡོད་པར་མངོན་ཡང་། འདིར་ནི་སྐར་རྩིས་པ་དག་གི་ལུགས་ལྟར་སྤྲེལ་ཟླ་ནི་བོད་ཟླ་ལྔ་པ་ལ་ཁས་བླངས་ནས། ཚེས་བཅུའི་སྒྲུབ་མཆོད་ཟླ་དུས་དེ་ལ་འཚོགས་གནང་གི་ཡོད།  འོན་ཀྱང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྗོངས་ནས་གནམ་གཤིས་སོགས་ལ་སྟབས་བསྟུན་གྱི་བོད་ཟླ་གཉིས་པའི་ནང་ལ་འཚོགས་གནང་གི་ཡོད་ཅིང་། སྒྲུབ་མཆོད་སྐབས་ཀྱི་གཏོར་མ་ནི། ཕུགས་གཏོར་དང་། རབ་ཡངས་མ། གུ་དྲག སེང་གདོང་མ། དགེ་བསྙེན། མགོན་པོ། བདག་བསྐྱེད་གཏོར་མ། ཕྱོགས་བཞིའི་ཞི་རྒྱས་དབང་དྲག་བཞི། ལྷ་སྲིན་སྤྱི་གཏོར། རྗེས་འགྲོ་ཆད་ཐོ་དང་ཟོར་བརྟན་མ་གསུམ། སྔོན་འགྲོ་བགེགས་གཏོར།

དངོས་གཞི་ཉིན་གྱི་བླ་མ་གཏོར་མ་བཅས་དང་། ཉིན་རེའི་ཚེ་རིལ་ཚེ་ཆང་སོགས་མདོར་ན་དམ་ཚིག་རྫས་ཀྱི་ཡོ་བྱད་དང་སྒྲུབ་པོའི་གྲང་ཚད་སྒྲུབ་ཚུལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སོགས་བཅའ་དག་སྒྲོས་གཙང་རྨད་དུ་བྱུང་བ་ནི་བླ་ན་མེད་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ནས་ཡོད་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *