རྟེན་གསུམ་གྱི་ལོ་རྒྱུས་དང་པོ།

ཁྱོན་3836བཀླགས་འདུག

ཁམས་གྲྭ་བསོད་ནམས་དཔལ་བཟང་། བརྩེ་ཆེན་ཡེ་ཤེས་དཀྱིལ་འཁོར་རྒྱས་པའི་ཟེར།། སྐྱེ་རྒུའི་བསོད་ནམས་མཁའ་ནས་ལེགས་སྤྲོས་པས།། ཕན་བདེའི་འོད་སྣང་ཕྱོགས་སུ་བརྡལ་མཛད་པའི།། རྣམ་འདྲེན་ཉི་མ་མདོ་ཁམས་པ་ལ་དད།། ཞེས་བསྟོད་ཚིག་མེ་ཏོག་གི་སིལ་མས་ལམ་ཡང་པོར་ཕྱེས་ནས་གང་གླེང་བར་བྱ་བ་ནི།

རྟེན་གསུམ་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ལ། སྤྱིར་རྟེན་གསུམ་གྱི་ལོ་རྒྱུས་དང་། ཡང་སྒོས་ཁམས་སྒར་ཆོས་སྡེ་ཆེན་མོའི་རྟེན་གསུམ་གྱི་ལོ་རྒྱུས་མདོར་བསྡུས་དང་གཉིས་ལས།

ཐུགས་རྟེན།

དང་པོ་ནི། མི་མཇེད་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུའི་གླིང་དུ་རྒྱལ་བའི་རྟེན་གསུམ་བྱུང་བའི་ནང་ནས་སྔ་བ་ནི་མཆོད་རྟེན་བྱུང་བ་ཡིན་སྟེ། དེ་ཡང་སྟོན་མཆོག་དོན་ཀུན་གྲུབ་པ་ཉིད་ལུམྦི་ཚལ་དུ་སྐུ་བལྟམས་པའི་ཚེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་ཞབས་རྗེས་ལ་མེ་ཏོག་འཁྲུངས་པ་དེ་རྣམས་ཕྱོགས་གཅིག་སྤུངས་པ་ལས་ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་པདྨ་སྤུངས་པའི་མཆོད་རྟེན་བརྩེགས་པའི་ཕྱིར་རོ། སྐུ་གཟུགས་ལ་བྲིས་སྐུ་འབུར་སྐུ་གཉིས་ལས།

མི་ལ་བྲིས་སྐུ།

དང་པོ་བྲིས་སྐུ་བྱུང་ཚུལ་ནི། ཡུལ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་ཐང་བྲལ་བའི་ནོར་བུའི་ཁྲབ་ཅིག་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕུལ་བས་དེ་ལ་སྐྱེས་ལན་མ་རྙེད་དེ། སྟོན་པ་མཆོག་ལ་ཞུས་པས་རྒྱལ་བའི་སྐུ་གཟུགས་ཤིག་བྲིས་ནས་ཕུལ་ཅེས་བཀའ་སྩལ་ཀྱང་། རིགས་བྱེད་པ་དག་གིས་རྒྱལ་བའི་སྐུ་ལ་བལྟར་མ་བཟོད་དེ། རྒྱལ་བ་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་བཞུགས་ནས་སྣང་བརྙན་ཆུ་ལ་ཤར་བ་ལ་དཔེ་བྱས་ཏེ་བྲིས་པ་དེ་ལ་ཐུབ་སྐུ་ཆུ་ལོན་མ་ཞེས་གྲགས་པ་འདི་བྲིས་སྐུ་དང་པོ་དང་། སེངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཁྲི་ཤིང་གིས་མུ་ཏིག་བྲེ་བོ་ཆེ་གསུམ་སྟོན་པ་མཆོག་ལ་མཆོད་ཕྱིར་བསྐུར་བའི་སྐྱེས་ལན་དུ་འོད་ཟེར་རས་གཞིའི་སྟེང་དུ་བཀྱེ་ནས་བཞེངས་པའི་བྲིས་སྐུ་འོད་ཟེར་ཅན་མ་འམ། མུ་ཏིག་ཁྲི་ཤིང་ཞེས་གྲགས་པ་དེ་བྲིས་སྐུ་གཉིས་པའོ། །

སྟོན་པ་འབུར་སྐུ།

འབུར་སྐུ་ནི། སྟོན་པ་མཆོག་ཡུམ་གཙོས་པའི་གདུལ་བྱའི་ཆེད་དུ་ལྷ་ཡུལ་དུ་གཤེགས་ཤིང་ལྷ་གནས་སུ་གསོ་སྦྱོངས་མཛད་པའི་ཚེ། འཕགས་ཡུལ་ནས་རབ་ཏུ་བྱུང་བའི་སྡེས་གཙོས་པའི་སློབ་མ་ཚོས་སྟོན་པ་མཆོག་དྲན་ཆེ་བས་མ་བཟོད་ནས། ཙན་དན་ལས་བྱས་པའི་འབུར་སྐུ་མཚར་སྡུག་སངས་རྒྱས་དངོས་དང་འདྲ་བ་བཞེངས་པའི་སྟབས་ཀྱིས་བཞུགས་པ་ཞིག་བཞེངས་པ་དེ་འབུར་སྐུ་ནང་ནས་ཐོག་མར་དང་དེང་སང་རྒྱ་ནག་དུ་བཞུགས་པར་གྲགས་སོ། །

གླེགས་བམ།

གསུམ་པ་གསུང་རྟེན་ཡི་གེའི་བྱུང་ཚུལ་ནི། ཆོས་འཁོར་རིམ་པ་གསུམ་བསྐོར་བའི་དུས་སུ་ཞུ་བ་པོ་རྣམ་ལ་མི་བརྗེད་པའི་གཟུངས་ཐོབ་པའི་ཕྱིར་ཐུགས་ལ་འཛིན་པ་ལས་ཡི་གེ་འབྲི་སྲོལ་མེད་ནའང་ཕྱིས་སུ་བཀའ་ལ་ལྷད་བཅུག་པ་དང་ཉམས་པའི་སྐྱོན་སོགས་དུ་མ་གཟིགས་ནས་བཀའ་བསྡུ་ལེན་གསུམ་བྱས་པའི་དུས་སུ་ཡི་གེར་བཏབས་པར་བཤད་ཀྱང་། ཆོས་འཁོར་བར་པའི་དུས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བུ་ལ་བཻཌཱུརྱ་ཞུན་མས་ཤེར་ཕྱིན་བྲིས་པ་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་སོགས་གླེགས་བམ་དུ་བྲིས་ནས་རྒྱལ་མཚན་གྱི་རྩེར་བཏགས་པས་ལྷ་མིན་གྱི་གཡུལ་ངོ་བཟློག་པའི་ཚུལ་སོགས་ལ་དཔག་ན་བཀའ་བསྡུའི་སྔོན་ཞིག་ནས་སངས་རྒྱས་ཀྱི་བཀའ་འགའ་ཡི་གེའི་གཟུགས་སུ་ཡོད་པ་མཚོན་ནུས་པ་དང་། མ་ཚད་མཁས་པའི་དབང་པོ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ཞལ་ནས། ཕྱིས་ནས་སླད་པའི་ཉམས་སྐྱོན་སོགས། །དགོས་པའི་བཀའ་བསྡུ་ལན་གསུམ་སོགས། །བྱས་དུས་ཡི་གེར་བཏབས་པ་ནི། །སྤྱི་ལ་གྲགས་པ་ཆེ་ནའང་། །འདུལ་བ་ལུང་ལས་སྟོན་པའི་བཀའ། །གླེགས་བམ་འཚོང་དུ་མ་གནང་སྟེ། །མུ་ཏིག་གི་གཞུང་འཚོང་དུ་གནང་། །ཞེས་སོགས་བཤད་པས་སྔར་ཡོད་གྲུབ། ཞེས་གསུང་སོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *