མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་ཞལ་གདམས།

ཁྱོན་151བཀླགས་འདུག

སྣང་ཚུལ་ཆོས་རྣམས་སྐད་ཅིག་མི་རྟག་འགྱུར།།
རང་རང་ཚེ་ཡང་ཅི་ཙམ་མི་ཤེས་པས།།
འདོད་ཡོན་ཚེ་འདིའི་སྣང་བས་མིག་བྲིད་ཀྱང་།།
སྤྱད་ཀྱིན་ངོམས་མེད་སྲེད་པ་འཕེལ་བའི་རྒྱུ།།དེས་ན་གང་བྱུང་ཆོག་ཤེས་ནོར་བསྟེན་ནས།།
གཏན་དོན་ད་རེས་སྒྲུབ་ན་གྲུང་པོ་ཡིན།།
མཛའ་འདུས་གཉེན་གྲོགས་ཚོང་འདུས་མགྲོན་པོ་འདྲ།།
འདུས་པ་འབྲལ་ངེས་སྐད་ཅིག་ངོ་ཤེས་ལ།།
རྨི་ལམ་བུ་ཤིའི་སྡུག་བསྔལ་བྱེད་པ་ལས།།
འབྲེལ་བ་ད་ལྟ་གཅོད་ན་གྲུང་པོ་ཡིན།།

ནོར་རྫས་གཉེར་ཀ་རྨི་ལམ་གཏེར་རྙེད་མཚུངས།།
ཞེན་པས་སྙིང་དུ་བཅུད་ཀྱང་རང་དབང་མེད།།
དེས་ན་ལོངས་སྤྱོད་འབྱོར་པས་ཕྱུག་དུས་འདིར།།
ཕྱི་མའི་བརྒྱག་ཕྱེ་གྲབས་སུ་མ་ཚུད་ན།།
གཉེད་སད་ལག་སྟོང་སྤར་མོ་བསྡམ་དང་མཚུངས།།
གང་འབྱོར་མཆོད་སྦྱིན་བྱེད་ན་གྲུང་པོ་ཡིན།།

སྙན་གྲགས་ཚེ་འདིའི་གཏམ་ལ་ཡིད་དགའ་བས།།
ཆགས་སྡང་ཕྲག་དོགས་འགྲན་སེམས་ཁོ་ན་ལ།།
ལུས་སྲོག་འཕངས་མེད་བཏང་བའི་སྙིང་ཁམས་ཅན།།
མནར་མེད་དམྱལ་བའི་སྡུག་སྔལ་མ་ཐོས་སམ།།
གཏོང་ཕོད་ཆོས་ཕྱིར་ནུས་ན་གྲུང་པོ་ཡིན།།

སྔོན་ཆད་མི་དགེའི་ལས་བྱས་འགྱོད་བཤག་དང་།།
ཕྱིས་ནས་སྡོམ་སེམས་བརྟན་པོས་སྲོག་བཞིན་སྲུང་།།
ཚེ་གཞུག་དམ་ཆོས་འཚོལ་བའི་བློས་གྲོས་ཀྱིས།།
མི་ཚེ་ཐུན་དུ་གཅོད་ཤེས་གྲུང་པོ་ཡིན།།

ཆོས་ལ་རིས་མེད་སུས་བརྩམས་རྒྱལ་བར་གོ།།
སྐྱབས་གནས་བླ་མའི་འདམ་ཁ་མ་ནོར་བར།།
མཚན་ཉིད་ལྡན་པའི་དགེ་བའི་བཤེས་བཙལ་ནས།།
མིག་འཕང་ཡར་ལ་འདེགས་ན་གྲུང་པོ་ཡིན།།

གནས་ལུགས་རང་བཞིན་ཡོངས་ཤེས་ཕྱག་རྒྱ་ཆེའི།།
དངོས་གྲུབ་ཚེ་འདིར་ཐོབ་འདོད་བརྩོན་འགྲུས་ཀྱིས།།
ཡང་དག་དྲན་པའི་རང་རྩལ་མོས་གུས་ཆེ།།
ལག་ལེན་ཆོས་བཞིན་སྤྱོད་ན་གྲུང་པོ་ཡིན།།

ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕྱོགས་བྲལ་གྱིས།།
དབེན་གནས་རྣམས་སུ་ལྟོ་གོས་གྱོང་ཁུར་ནས།།
མ་རྒན་དོན་ཕྱིར་སྨོན་ལམ་ཁུརཁྱེར་ཏེ།།
ཚེ་དང་སྒྲུབ་པ་གཉམ་ན་གྲུང་པོ་ཡིན།།

བཙུན་པ་ཆོས་ཤེས་ཟེར་བ་མང་ན་ཡང་།།
ཆོས་དང་ཤེས་རྒྱུད་གང་འདྲེས་དེ་རང་གྲུང་།།
ཕོ་གྲུང་མོ་གྲུང་ཟེར་བ་མང་ན་ཡང་།།
སྡིག་སྤོང་དགེ་སྒྲུབ་སུས་བྱེད་དེ་རང་གྲུང་།།
བསོད་ནམས་འདི་ཆེ་ཟེར་བ་མང་ན་ཡང་།།
གནས་ལུགས་རང་ངོ་སུས་ཤེས་དེ་ངར་ཆེ།།

རྣམ་གསུམ་གོས་ལ་བདག་རང་དད་པ་ཆེ།།
བྱང་ཆུབ་མ་ཐོབ་བར་དུ་འབྲལ་སེམས་མེད།།
རྗེས་འཇུག་རྣམས་ཀྱང་བསླབ་གསུམ་མིག་ལྡན་པའི།།
ངུར་སྨྲིག་འཛིན་པའི་དགེ་སློང་རང་དུ་སྨོན།།

ཐར་བའི་ལམ་ལ་ཕན་པར་མ་གྱུར་པའི།།
ཁྲལ་མཐོང་ཆོས་སྒྲུབ་ཟོབ་བརྫུ་ངལ་བའི་རྒྱུ།།
དེ་ཕྱིར་དོན་མེད་ཆོས་གཟུགས་ཧྲལ་པོ་དང་།།
འཁྲུལ་སྣང་ཚེ་འདི་སྒྲུབ་པའི་བན་འཁྱམས་ཀྱི།།
ལད་མོ་མ་བྱེད་རང་སེམས་ཆོས་ཀྱི་ཐུལ།།

མི་རྟག་འཆི་བ་དྲན་པའི་ལྕག་མེད་ན།།
ངེས་འབྱུང་ཡད་ཡུད་སྐྱེས་ཀྱང་ད་ལྟ་ཡལ།།
ཡུན་རིང་འཚོ་ཚིས་སྡོད་ཐབས་ལས་ལ་གཡེང་།།
དགོས་དགུ་སྒྲུབ་ཚེ་སྒྲུབ་རྒྱུ་ཟད་མཐའ་མེད།།
ནམ་ཞིག་འཆི་ཚེ་འགྱོད་པས་མནར་གྱུར་ཏེ།།
བྲང་རྡུང་སྨྲེ་སྔགས་བྱེད་ཚེ་འཕྱི་བ་ཡིན།།

ཀྱེ་ཧོ་དོན་ལ་རྨོངས་པའི་ཐ་ཤལ་གྱི་སྐྱེ་བོ།།
འཇིག་རྟེན་ཚེ་འདིའི་འཚོ་རྩིས་ཁོ་ན་ལ་ཞེན་རྣམས།།
མི་རྟག་ནམ་འཆི་ངེས་མེད་བློ་སྣ་རེ་བསྟུངས་ཏེ།།
དགེ་སྡིག་ལས་འབྲས་ཤེས་གྱིས་ཕྲིན་ཆ་ཞིག་ཕུལ་ལོ།།

ཐུབ་བསྟན་རྗེས་སུ་ཞུགས་པའི་སེར་མོ་བའི་ཚོགས་རྣམས།།
སྐྱབས་གསུམ་འཛིན་པའི་བསླབ་པ་ཕྲ་རགས་ཀྱི་གཞི་བྱས།།
བསླབ་སྡོམ་ཅི་ནུས་སྲུང་བའི་ཞེ་ཟོན་རེ་གནང་སྟེ།།
སྐྱེ་བོའི་དད་ཟས་ཆུད་གཟན་རང་ཐུབ་དེ་སྐྱུར་ཐོངས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *