ཁམས་སྒར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་བྱུང་རབས།

ཁྱོན་547བཀླགས་འདུག

ཁམས་སྒར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་ཆེན་མོའི་བྱུང་བ་ཆུ་ཟླའི་འཛུམ་ཕྲེང་ཞེས་བྱ་བ་བཞུགས་སོ།།ཁམས་གྲྭ་ཆོས་འགྲུབ་དང་ཚུལ་ཁྲིམས་བསྟན་འཛིན།
ཀུན་ཏུ་བཟང་པོའི་འོད་ཟེར་ལས་འཁྲུངས་བདེ་གཤེགས་ཡོངས་འདུས་སྤྲུལ་པའི་གར།།
བཀའ་བརྒྱད་དཀྱིལ་འཁོར་གཙོ་དང་སྤྲུལ་པས་དེང་འདིར་ལས་ཀུན་དགེ་གྱུར་ཅིག།
གོང་རིམ་བཀའ་བཞིན་བཀའ་བརྒྱད་སྒྲུབ་པའི་བྱུང་བ་ཚིག་གི་ཕྲེང་བར་བསྟར།།
ལྷ་དང་བླ་མས་གནང་བ་མཛོད་ཅིག་དཔའ་བོ་མཁའ་འགྲོས་བཟོད་མཛད་རིགས།།

དེ་ཡང་འདིར་སྐབས་ཀྱིས་བརྗོད་པ་བྱ་བ་ནི།  སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་བརྒྱུད་རིམ་དང་སྦྲག་བྱུང་བ་རགས་བསྡུས་སུ་བཤད་པ་ལ། སྤྱིར་རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལས་གསང་སྔགས་རྡོ་རྗེ་ཐེག་པ།  དེ་ལའང་རྒྱུད་སྡེ་བཞི་དང་དྲུག་གི་རྣམ་བཞག་ཡོད་པ་ལས། སྐབས་དོན་བརྗོད་བྱ་བླ་མེད་ཀྱི་རྒྱུད་རྣམས་ནི།  ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོའི་མཆོག་གི་གོ་འཕང་སྟེར་བར་ནུས་པའི་བྱིན་རླབས་ཀྱིས་ཚན་ཁ་དང་ལྡན་པ་སྟེ།   དེ་ལའང་ཆེ་བ་རྣམ་དྲུག་དང་ལྡན་པའི་གསང་སྔགས་རྙིང་མའི་ཕྱོགས་འདིར།  བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་བྱ་གཙོར་འཆད་པའི་དབང་གིས། རྒྱུད་ལུང་མན་ངག་གསུམ་དུ་དབྱེ་ཞིང་ཡོ་ག་སྐོར་གསུམ་གྱི་རྩ་བ། བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་རྣམས།  རྒྱ་བོད་ཀྱི་མཁས་གྲུབ་དུ་མས་བཤད་དང་སྒྲུབ་པའི་སྒོ་ནས་མངོན་གྱུར་དུ་གཏན་ལ་ཕབ་ཅིང་།   དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་འདིར་སྒྲུབ་སྡེ་བཀའ་བརྒྱད་ཀྱི་བརྒྱུད་པའི་བྱུང་བ་ཅུང་ཟད་བཤད་པ་སྐབས་སུ་བབ་སྟེ།  དེ་ཡང་ཐོག་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ངོ་བོ་རང་བཞིན་ཐུགས་རྗེར་བཅས་ཏེ།  གཞི་ལ་མངོན་བྱང་ཆུབ་ནས་སྐུ་དང་ཞིང་ཁམས་རྒྱ་མཚོ་ལོངས་སྐུའི་བཀོད་པས་དག་པ་དང་།   ཐུབ་དྲུག་ལ་སོགས་པས་མ་དག་པའི་འགྲོ་བ་མཐའ་ཀླས་པ་འདུལ་ཞིང་།   ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་གང་ལ་གང་འདུལ་དུ་སྣང་བ་རྣམས་དང་ལྷན་ཅིག།   ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་།  བྱེ་བྲག་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ་ཡ༈མི་མངོན་རིག་པ་འཛིན་པའི་གནས་སུ་རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་ལས་བྱུང་བའི་རིག་འཛིན་རྡོ་རྗེ་ཆོས་ཀྱིས།  བརྡ་དོན་བརྟགས་གསུམ་གྱི་དགོངས་དོན་མ་ལུས་པར་རྒྱུད་ཀྱི་རང་བཞིན་དུ་གཏན་ལ་ཕབས་ཏེ་བསྡུས།   སླར་ལྷ་གནས་གསུམ་དུ་གྲགས་པའི་གནས་སུ་ཡི་གེར་བཀོད་ཅིང་།   དགོངས་འགྲེལ་ལུང་གི་ཆོས་ལྔ་བཅས་རིག་འཛིན་བརྡའི་རྒྱུད་དེ།   མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ་ལ་གཏད་རྒྱ་དང་བཅས་ཏེ་དུར་ཁྲོད་བསིལ་བའི་ཚལ་ལ་གཏེར་དུ་སྦས་པ།  གསང་བའི་བདག་པོ་ཀུཉྫ་རའི་ཐུགས་ཀྱི་ཡེ་ཤེས་དགུའི་རང་གཟུགས་སློབ་དཔོན་རྣམ་པར་དགུ་དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་ཤིང་།   དགུང་བདུན་དུ་ཚོགས་ཀྱི་འཁོར་ལོ་བཅས་དགོངས་པ་མཛད་ནས་རྒྱ་བཀྲོལ་ཏེ།  བཀའ་བརྒྱད་བྱེ་བྲག་གི་སྒྲོམ་བུ་བརྒྱད། འཇམ་དཔལ་བཤེས་གཉེན་སོགས་གྲུབ་བརེྙས་ཀྱི་རིག་འཛིན་ཆེན་པོ་བརྒྱད་ལ་བབས། སྤྱི་རྒྱུད་ཀྱི་སྒྲོམ་བུ་རིན་ཆེན་སྣ་བརྒྱད་ལ་བྱས་པ།  སྐབས་དེར་རྒྱ་མ་འཁྲོལ་བ།   ཕྱིས་ཀུན་འདུས་ཆེན་པོ་རིག་འཛིན་པདྨ་ཐོད་ཕྲེང་རྩལ་གྱིས་སྤྱན་དྲངས།  དེ་ཐམས་ཅད་ཀྱང་གྲུབ་གཉིས་ལ་དབང་འབྱོར་བའི་སྐྱེས་བུ་ཤ་སྟག་གོ།

དེ་ནས་སློབ་དཔོན་ཆེན་པོ་ཉིད་བོད་དུ་ཕེབས་ཤིང་གདུལ་བྱ་འདུལ་བའི་དུས་ལ་བབས་པའི་ཚེ། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་ངོར།   བསམ་ཡས་མཆིམས་ཕུ་བྲག་དམར་གྱི་ཀེའུ་ཚང་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས། ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་བའི་དུས་སུ།  སོ་སོའི་མེ་ཏོག་ཇི་ལྟར་ཕོག་པའི་དཀྱིལ་འཁོར་གྱི་ཞལ་མཐོང་ཞིང་།  མཆོག་ཐུན་གྱི་དངོས་གྲུབ་ལ་རང་དབང་བརྙེས་པའི་གང་ཟག་སྙན་ཁུང་བརྒྱུད་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་།   བདེ་གཤེགས་འདུས་པའི་བཀའ་བརྒྱད་མཁས་པ་མི་བཞིས་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་གནང་ནས་རིམ་པར་བརྒྱུད་དེ།  གྲུབ་ཐོབ་དངོས་གྲུབ་ཞབས་ལས་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན།

མངའ་བདག་ཉང་རིན་པོ་ཆེ་ནི།  ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུ་ཕྲེང་བཅུ་དྲུག་པ་ཡིན་པས།  བཀའ་མའི་དབང་བརྒྱུད་དུ་མ་ཟད་བདེ་གཤེགས་འདུས་པའི་ཆོས་གཏེར་གྱི་བཀའ་བབས་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་ཆེན་པོ་ཉིད་ཡིན་ལ།  དེ་ལས་རིམ་པར་བརྒྱུད་དེ། ཆོས་རྒྱལ་ཆེན་པོའི་ཡོན་ཏན་གྱི་སྤྲུལ་པ་མངའ་རིས་པཎ་ཆེན་པདྨ་དབང་གི་རྡོ་རྗེས་བཀའ་བརྒྱད་བཀའ་གཏེར་གྱི་དབང་ལུང་ལན་གྲངས་ཉེར་ལྔ་གསན་པ་སོགས་རྒྱུད་ལུང་མན་ངག་གི་བཀའ་ཐམས་ཅད་བབས་ཤིང་།   བརྒྱུད་པ་འགའ་ཞིག་གི་མཐར་ཨོ་རྒྱན་གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེ་ལ་མངའ་བདག་ཉང་རིན་པོ་ཆེས་ཡེ་ཤེས་སྐུའི་རྗེས་སུ་བཟུང་ཞིང་གནང་བ་བསྩལ་བ་ལྟར་ལག་ལེན་འཇུག་པ་བདེ་བར་མཛད་ཅིང་།       རིག་འཛིན་ཆེན་པོ་དེ་ཉིད་ལས་༸རྒྱལ་བ་མདོ་ཁམས་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་གིས་གསན་ཅིང་དགོན་འདི་ཉིད་དུ་མཐོང་བརྒྱུད་ཀྱི་ཕྱག་ལེན་ཇི་ལྟར་བྱུང་བའི་ཚུལ་ནི།  རྗེ་འདི་ཉིད་དགུང་གྲངས་ཉེར་གཅིག་བཞེས་པ་ན།  ཨོ་རྒྱན་སྨིན་གྲོལ་གླིང་དུ་པདྨ་ཀཱ་རའི་སྒྱུ་འཕྲུལ་རིག་འཛིན་གཏེར་བདག་གླིང་པ་མཇལ་དུ་བྱོན།  གཏེར་བདག་གླིང་པས་ཀྱང་འབྱོན་པ་ཡེ་ཤེས་ཀྱིས་གཟིགས་ནས་སྤོས་བསུ་བ་ཆེད་མངགས་མཛད་ཅིང་།  རྗེ་ཉིད་ཀྱང་གཟིམས་ཁང་གི་འགག་ཏུ་བསུ་བར་ཕེབས་པར་སོགས་མཐོང་བཟོས་བསྐུལ་ཆ་ཆེས་ཆེར་མཛད།  སྐབས་དེར་གཏེར་བདག་བླ་མ་ཉིད་ནས་གསང་སྔགས་རྙིང་མའི་ཆོས་སྐོར་བརྒྱུད་ཚུལ་ལྔ་ལྡན་གྱི་རིམ་པ་ཟབ་དགུ་སྤྱི་དང་།  ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་གཙོ་བོར་གྱུར་པའི་རང་གཏེར་གྱི་ཟབ་ཆོས་ཡོད་དོ་ཅོག་སྩལ།  རྗེ་འདི་པ་ཆོས་བདག་ཏུ་མངའ་གསོལ་བ་མཛད་ཅིང་གཞན་ལ་རྒྱ་ཆེར་སྤེལ་དགོས་པའང་གདམས།  ཁྱད་པར་དུ་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཚོམ་བུ་དགུའི་དཀྱིལ་འཁོར་ཆེན་པོའི་སྨིན་དབང་གསན་སྐབས།  མེ་ཏོག་དོར་བ་ན།  བྱང་ཕྱོགས་སུ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ།  ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ལ་བབས་པས།  གསང་མཚན་ལ་ཕྲིན་ལས་འགྲོ་འདུལ་རྩལ་དུ་གསོལ།   ཕྱིས་སུ་ཕྲིན་ལས་ཆེས་ཆེར་རྒྱས་པའི་རྟེན་འབྲེལ་ཡང་འགྲིགས་སྐད་དོ།།   མདོ་ཁམས་ཡུལ་གྱི་འབྲུག་དགོན་ཡོངས་ཀྱི་ཆུ་འགོ་ལྟ་བུར་གྱུར་པའི་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་སྒྲུབ་ཆེན་འདི་ཐོག་མར་དབུ་བརྙེས་པའི་རྟ་གོན་མཛད་སྐབས། འོག་མིན་སྨིན་གྲོལ་གླིང་ནས་རྙིང་ལུགས་ཀྱི་དཀྱིལ་ཆོག་ལ་མཁས་པའི་དགེ་རྒན་སྔར་ཕྱི་ཐེངས་འགའ་ཆེད་དུ་གདན་དྲངས་པ་ལས་རྙིང་མ་བླ་མ་སློབ་དཔོན་ཨོ་རྒྱན་བསམ་འཕེལ་ནི་དགོན་འདི་ཉིད་དུ་གཏན་ཆགས་སུ་བཞུགས་ཤིང་དགོས་ཆའི་ཆོག་ལས་རྣམས་གྲྭ་ཚང་ལ་བསླབ་ཅིང་། སློབ་དཔོན་གྱིས་ཕྱག་འགན་བཞེས།  མཐར་དགོན་འདི་ཉིད་དུ་ཞི་བར་གཤེགས་ཤིང་ད་ལྟའི་སྐུ་འཚོ་གཞེས་སུ་ཡོད་པའི་རྙིང་སྤྲུལ་གྱི་བར་སྐུ་སྐྱེའང་རྒྱུན་མ་ཆད་པར་བྱོན་ཅིང་ཐམས་ཅད་དཀྱིལ་ཆོག་ལ་མཁས་པ་ཤ་སྟག་ཏུ་བྱོན་པ་སྣང་།   སྒྲུབ་ཆེན་འདིའི་དཀྱིལ་འཁོར་བཀོད་བཤམས་ཕོ་བྲང་སོགས་ཆ་རྐྱེན་ཡོངས་རྫོགས་འགྲིགས་ནའང་།  དུས་ངན་རྐྱེན་དྲག་གི་ཤུགས་དང་།  བསྟན་འགྲོ་སྤྱི་སྒེར་གྱིས་སྐུ་བསོད་དམན་པའི་སྟབས་ཀྱིས་ འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་ཉིད་ཀྱི་སྐུ་དུས་སུ་སྒྲུབ་ཆེན་འདི་དབུ་འཛུགས་རྒྱུ་མ་བྱུང་ཡང་།   སྤྱི་ལོ་༡༧༣༠ སྟེ་ལྕགས་ཁྱི་ལོ། བོད་ཟླ་༡༢བོད་ཚེས་༢༤ལ་རྗེ་གོང་མའི་འདས་མཆོད་དུ་སྒྲུབ་ཆེན་འདི་དབུ་ཚུགས་པ་ནས་བཟུང་དུས་ད་ལྟའི་བར་མཐོང་བརྒྱུད་ཀྱི་ཕྱག་ལེན་རྒྱུན་མ་ཆད་པར་ཁམས་པ་སྒར་གཞིས་བྱེས་གཉིས་ནས་ལོ་ལྟར་རྒྱུན་འཛུགས་གནང་བའི་སྒྲུབ་ཆེན་ཞིག་གོ།

སྒྲུབ་ཆེན་འདིའི་ཡི་དམ་གྱི་ལྷ་ནི། འཇམ་དཔལ་སྐུ། པདྨ་གསུངས།

ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་པ།  མ་མོ་རྦོད་གཏོང་།

རྨོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་དེ་ལྷའི་རྣམ་གྲངས་བརྒྱད་དང་། བླ་མ་རིག་འཛིན་བསྣན་པས་དགུར་བཞེས་པའང་ཡོད།  བཀའ་བརྒྱད་སྒྲུབ་པའི་གཙོ་གཏོར་ལ་དྲག་གཏོར་རྡོ་རྗེ་ཕྱེད་པ།  གསོལ་ཀའི་གཙོ་གཏོར་རྙིང་མགོན་རྡོ་རྗེ་ཕྱེད་པ་དང་དུར་ཁྲོད་ལྷ་མོ།  གཞན་ལས་བཞིའི་གཏོར་མ་སོགས་ཏེ།  རྒྱས་པ་གཏོར་མའི་བཤད་པ་ཟུར་དུ་ཡོད་པས་འདིར་ཚིག་ཚོགས་མ་བསྡུས་སོ།།

སྒྲུབ་ཞག་ཉིན་བཅུ་སྟེ། སྔོན་འགྲོ་ས་ཆོག་ཉིན་གཅིག་དང་།   རྒྱན་འགོད་ཉིན་གཅིག།

སྒྲུབ་པའི་དངོས་གཞི་ལ་སྒྲུབ་གཞུང་ཆོག་ལས་དང་།  ཀུན་ཐོབ་རྒྱལ་མོ་གཙོ་འཁོར་གྱིས་སྟངས་སྟབས་མཐར་ཇེ་རྒྱས་སུ་མཛད་པ་སོགས་ཕྱག་སྲོལ་མ་ཉམས་པ་དང་ལས་བཞིའི་སྦྱིན་སྲེག་བཅས་སྒྲུབ་པའི་དངོས་གཞི་ལ་ཉིན་བདུན་དང་།   ཉིན་བཅུ་པ་ལ།  དངོས་གྲུབ་ལེན་པ་དང་བཀའ་བརྒྱད་དབང་མོ་ཆེ་རུ་གྲགས་པའི་སྒྲུབ་དབང་གནང་།  དགོང་དྲོར་མར་མེའི་སྨོན་ལམ་བཅས་སྒྲུབ་པ་གྲོལ་བ་སོགས་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ཕྱག་སྲོལ་མ་ཉམས་ཤིང་རྒྱུན་མ་ཆད་པར་དུས་ད་ལྟའི་བར་གནས་པ་ནི་གོང་སྨོས་བཞིན་ནོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *