༧དཔལ་རྒྱལ་བ་མདོ་ཁམས་པ་མཆོོག་མོན་ཡུལ་དུ་ཆིབས་བསྒྱུར།
ཁྱོན་4317བཀླགས་འདུག
སྤྱི་ལོ་༢༠༡༧/༩/༡༤/ ཉིན། ༧དཔལ་རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་ཁོང་གི་ཡབ་ཡུལ་མོན་དུ་ཐེངས་དང་པོ་ཕེབས་གནང་བ།
སྐྱབས་རྗེ་རིན་པོ་ཆེ་མཆོག་ཨ་རུ་ནཱ་ཅལ་མངའ་ཁོངས་འབུམ་སྡེ་ལ་རུ་སྐུ་འཁྲུངས་ཏེ་དགོང་ལོ་གསུམ་གྱི་ཐོག་༧རྒྱལ་མཆོག་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་ངོས་འཛིན་བརྟགས་ཡིག་གནང་བ་བཞིན། རྗེ་གོང་མའི་གདན་ས་ཧི་མ་ཅལ་གྱི་མངའ་ཁོངས་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་དུ་གདན་འདྲེན་དང་གསེར་ཁྲིར་མངའ་གསོལ་ཞུས་ནས་བཟུང་ད་བར་ཡབ་ཡུལ་དུ་ཕེབས་མྱོང་མེད་སྟབས། མོན་པདྨ་སམ་བྷ་བའི་ཚོགས་པ་སོགས་ཀྱིས་ཇི་ལྟར་གདན་ཞུས་གསོལ་འདེབས་ཞུས་པ་ལྟར།
ཟླ་འདིའི་ཕྱི་ཚེས་༡༤ཉིན་རྒྱལ་ས་ལྡི་ལིའི་མཁའ་ལམ་བརྒྱུད་དེ་ཨ་སམ་གྱི་རྒྱལ་ས་གྷོ་ཧ་ཊྲིས་ལ་ཕེབས་འབྱོར་གྲུབ་མཚམས་སུ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་གུ་རུ་ཚོགས་པའི་ཚོགས་གཙོ་སོགས་དང་སློབ་ཕྲུག་མང་ཚོགས་བཅས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་།ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གིས་སྐུ་འཁོར་ལྷན་རྒྱས་ཀྱི་ཕེབས་གྲུ་ཁག་གོ་སྒྲིག་དང་སྐྱབས་རྗེ་རིན་པོ་ཆེའི་སྐུ་སྲུང་ཉེན་རྟོག་པ་ཆེད་མངགས་གནང་སྟེ། ཟླ་འདི་ཚེས་༡༥ཉིན་ཉིད་ཀྱི་འཁྲུངས་ཡུལ་འབུམ་སྡེ་ལ་རུ་ཆིབས་སྒྱུར་གནང་ཞིང་།
མཚོ་སྣ་རིན་པོ་ཆེའི་དགོན་པ་སོགས་ས་གནས་ཀྱི་དགོན་སྡེ་དང་ཚོགས་པ་ཁག་བཅས་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་མཚོ་སྣ་རིན་པོ་ཆེའི་དགོན་པར་བཞུགས་ཞག་དང་། ཁོང་གི་ཡབ་གཞིས་ཁང་དུ་ཕེབས་ཏེ་ཨ་ཁུ་གཙོས་སྤུན་མཆེད་རྣམ་པར་མཇལ་ཁ་གནང་སོང་། ཁོང་གི་ཡབ་གཞིས་དེ་ནི་ཤིང་ཁང་ལས་གྲུབ་པའི་མནའ་བོའི་ཁང་རྙིང་ཞིག་ལས་རྒྱས་སྤྲོས་ཀྱི་རྣམ་པ་གང་ཡང་མི་འདུག།
ཚེས་༡༦ཉིན་སྔ་དྲོ་བཤད་གྲྭའི་མཁན་པོ་བསྟན་འཛིན་སྟོབས་རྒྱལ་ལགས་ཀྱིས་སྐད་སྒྱུར་གྱིས་སེར་སྐྱ་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་།ཉིན་རྒྱབ་ཚེ་དབང་བསྩལ་ཞིང་། དགོན་པའི་དགེ་འདུན་རྣམ་པར་སྐུ་འགྱེད་དང་མང་ཇའི་དོད་བཅས་གསོལ་རས་བསྩལ་གནངས་སོང་།
དགོང་མོར་རྒྱ་གར་དབུས་གཞུང་ནང་སྲིད་བློན་ཆེན་སྐུ་གཞོན་ཀེ་རིན་རི་ཇི་ཇུས་ཁོང་གི་ཡབ་ཡུལ་འབུམ་སྡེ་ལའི་མངའ་ཁོངས་ནབ་རར་གདན་འདྲེན་ཞུས་ཏེ། ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྒྱལ་པོ་རྡེ་རུ་མཆོག་གིས་གཙོས་ས་གནས་ཀྱི་དཔོན་རིགས་དང་མང་ཚོགས་བཅས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས།
ཚེས་༡༧ ཞོགས་པར་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྐུ་གཞོན་ཀེ་རིན་རི་ཇི་ཇུའི་གཟིམས་ཁང་ནང་གདན་ཞུས་གནང་སྟེ་བློན་ཆེན་ཁོང་དང་། མངའ་སྡེའི་ཆོས་རིག་བློན་ཆེན་བྱམས་པ་དབང་འདུས། མངའ་སྡེ་འཐུས་མི་རྒྱལ་པོ་རྡེ་རུ་བཅས་ཀྱིས་མཇལ་དར་ཕུལ་ཞིང་། ཆོས་རྒྱལ་རིན་པོ་ཆེ་དང་། རྒྱ་རི་སྒྲོལ་མ། བཤད་གྲྭའི་མཁན་པོ་བསྟན་འཛིན་སྟོབས་རྒྱལ། ཕྲན་བཅས་ཞོགས་ཟས་མཉམ་བཞེས་ཀྱིས་བློན་ཆེན་མཆོག་གིས་སྐྱབས་རྗེ་རིན་པོ་ཆེ་ཁོང་གི་ཕ་ཡུལ་དུ་ཕེབས་པར་འཚམས་འདྲི་སོགས་གནང་ཞིང་། སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་དབུས་གཞུང་གི་ནང་སྲིད་བློན་ཆེན་དང་མངའ་སྡེའི་ཆོས་རིག་བློན་ཆེན་གྲོས་ཚོགས་ཀྱི་འཐུས་མི་བཅས་པར་སོ་སོར་སྟོན་པ་སོགས་ཀྱི་སྐུ་བརྙན་ཕྱག་རྟགས་གནང་སོང་། དེ་ནས་ས་གནས་དེར་ནང་སྲིད་བློན་ཆེན་གྱིས་ཐུགས་ཁུར་དང་དབུས་གཞུང་གིས་མཐུན་འགྱུར་འོག སྐྱབས་རྗེ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་ནང་པའི་སློབ་གྲྭ་ཞིག་གསར་བཞེང་བྱ་ཡུལ་དུ་ཕེབས་ཏེ་ས་བྱིན་རླབས་གནང་བ་དང་།
དེ་ནས་ཆོས་རྒྱལ་རིན་པོ་ཆེས་གསར་བཞེང་གནང་བའི་མཆོད་རྟེན་ཞིག་ལ་རབ་གནས་དང་། ས་གནས་ཡུལ་མིའི་དགོན་པ་ཞིག་གསར་བཞེང་གི་ས་འདུལ་མཛད་ཅིང་། ས་གནས་ཀྱི་མང་ཚོགས་ལ་མཇལ་ཁ་གནང་ཞིང་། དགོང་མོའི་ཞལ་ལག་དེ་བཞིན་ས་གནས་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་འཐུས་ཁོང་གིས་ནང་དུ་གདན་འདྲེན་ཞུས་སོང་།
ཚེས་༡༨ ཉིན་མོར་ནབ་རའི་དགོན་པར་གུ་རུའི་ཚོགས་འཁོར་དང་འབྲེལ་ཚེ་དབང་དང་སྦྱིན་སྲེག་གནང་ཞིང་། ས་གནས་ཀྱི་སྤྱི་འཐུས་རྒྱལ་པོ་རྡེ་རུ་མཆོག་གིས་ཕེབས་བསུ་གཏམ་བཤད་བྱས་ཤིང་། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་གིས་སྐྱབས་རྗེ་རིན་པོ་ཆེ་མཆོག་མོན་སྐད་ཐོག་ནས་ངོ་སྤྲོད་གནང་ཞིང་། ཡུལ་མིའི་གཞས་སྣ་ཁག་ཅིག་ཀྱང་གཟིགས་འབུལ་ཞུས་གྲུབ་མཚམས་སུ་ནབ་ར་ནས་ཆིབས་ཁ་བསྒྱུར་ནས་རྡི་རང་ཕྱོགས་སུ་ཕེབས་གནང་སྟེ། མཚན་མོར་ས་གནས་དེའི་དགོན་པ་ཐུགས་གསུང་དར་རྒྱས་གླིང་དུ་ཕེབས་གྲུབ་མཚམས་སུ་དགོན་པའི་མཁན་ལས་རྣམས་དང་། མངའ་སྡེའི་བློན་ཆེན་ཟུར་པ་ཚེ་རིང་འགྱུར་མེད་སོགས་དཔོན་རིགས་དང་མང་ཚོགས་བཅས་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས་ཏེ། དེར་བཞུགས་ཞག་གནང་། ཚེས་༡༩ཉིན་མོར་དེ་གའི་དགོན་པར་བཀའ་ཆོས་དང་མི་མང་ལ་མཇལ་ཁ་གནང་ཞིང་། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་གི་སྐྱབས་རྗེ་རིན་པོ་ཆེ་ངོ་སྤྲོད་དང་སྐད་སྒྱུར་མོན་སྐད་ཐོག་ནས་གནང་བ་དང་། དགོན་པའི་དགེ་འདུན་པ་རྣམ་པར་སྐུ་འགྱེད་དང་འདུས་མང་ལ་མང་ཇའི་དོད་བཅས་གནང་ཞིང་། དགོང་མོའི་ཞལ་ལག་བློན་ཆེན་ཟུར་པ་ཚེ་རིང་འགྱུར་མེད་ཀྱི་ནང་དུ་བཞེས་ཤིང་། ཁོང་གིས་གསར་བསྐྲུན་བྱས་པའི་སྐར་ལྔའི་མགྲོན་ཁང་ཞིག་ལ་རབ་གནས་གནང་།
ཚེས་༢༠ ཉིན་མོན་ཡུལ་འཇང་དཔལ་སྤུངས་དགོན་པར་ཕེབས་གནང་ཞིང་། ལམ་བར་ནས་ས་གནས་ཀྱི་ཡུལ་མི་ཁག་ནས་ཕེབས་བསུ་དང་གསོལ་ཇ་གོ་བསྒྲིགས་ཞུས་འདུག། ཉི་གུང་འཇང་དཔལ་སྤུངས་དགོན་པར་ཕེབས་གྲུབ་མཚམས་སུ་དེ་གའི་དགོན་པའི་མཁན་པོ་ཉི་མ་བཀྲ་ཤིས་མཆོག་གིས་གཙོས་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གྲ་རྒྱས་ཞུས་ཤིང་།
ཉིན་རྒྱབ་མང་ཚོགས་ལ་ཚེ་དབང་དང་གསུང་ཆོས་གནང་ཞིང་སྐྱབས་རྗེ་རིན་པོ་ཆེ་ངོ་སྤྲོད་དང་གསུང་སྒྱུར་མཁན་པོ་མཁན་མཆོག་གིས་གནང་ཞིང་། དེར་བཞུགས་ཞག་གནང་ནས་འདུས་མང་ལ་སྐུ་འགྱེད་དང་མང་ཇའི་དོད་ཕུལ།
ཚེས་༢༡ ཉིན་མོན་རྟ་དབང་མཚོ་སྣ་རིན་པོ་ཆེའི་བུད་མེད་ཀྱི་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་རྣམ་པར་གང་བློ་མ་དང་མ་ཎི་སོགས་ཀྱི་ལྗགས་ལུང་དང་བཀའ་སློབ་གནང་ཞིང་སློབ་གྲྭར་ཞབས་འདེབས་གསོལ་བསྩལ་གནང་སྟེ།
རྟ་དབང་དགོན་པར་མཆོད་མཇལ་དུ་ཕེབས་ཤིང་དགེ་འདུན་པ་རྣམ་པར་སྐུ་འགྱེད་དང་མང་ཇའི་དོན་ཕུལ་ཞིང་། རླུང་ལ་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ། མཚན་མོ་དེར་ཕེབས་གྲུབ་མཚམས་སུ་ས་གནས་ཀྱི་སྡེ་དགོན་གཉིས་ཀྱིས་སྒྲོལ་མ་ལྷ་ཁང་དུ་ཕེབས་བསུ་ཧ་ཅང་གྲ་རྒྱས་ཞུས་ཐོག་དེར་བཞུགས་ཞག་གནང་།
ཚེས་༢༢ ཉིན་གྱི་སྔ་དྲོར་གུ་རུའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོའི་དབུ་འབྱེད་གནང་བ་དང་། མང་ཚོགས་རྣམས་ལ་གསུང་ཆོས་དང་།
ཉིན་རྒྱབ་ཚེས་དབང་གནང་ཞིང་། མཁན་པོ་ལགས་ཀྱིས་རིན་པོ་ཆེ་ངོ་སྤྲོད་དང་གསུང་བསྒྱུར་ཞུས་ཤིང་། ཡུལ་མིའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཤིང་འདུས་མང་སྐུ་འགྱེད་སོགས་གནང་གསོལ་རས་གནངས་སོང་།
ཚེས་༢༣ ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་མོན་བྱེ་མ་ཐང་དུ་ཆེད་ཕེབས་དང་། དེ་གའི་སྡེ་དགོན་གཉིས་ཀྱིས་ཕེབས་བསུ་ཞུས་ཤིང་། གུ་རུའི་སྐུ་བརྙན་གསར་པ་དང་། དགོན་པ། མཆོད་རྟེན་བཅས་པར་རབ་གནས་གནང་ཞིང་་དགོན་པའི་འདུས་མང་ལ་སྐུ་འགྱེད་དང་མང་ཇའི་དོད་བཅས་ཕུལ་ནས་རླུང་ལ་ཕྱིར་ཕེབས་ནས་དེར་བཞུགས་ཞག་གནང་། ཚེས་༢༤ཞོགས་པར་ས་གནས་དེ་གའི་མཛད་རིམ་ལེགས་གྲུབ་བྱུང་ནས་འབུམ་སྡེ་ལ་ཆིབས་སྒྱུར་བསྐྱངས་ནས་མཚོ་སྣ་དགོན་པར་བཞུགས་ཞག་གནང་།
ཚེས་༢༥ཞོགས་པར་འབུམ་སྡེ་ལ་ནས་ཆིབས་ཐོན་གྱིས་ཨ་སམ་གྱི་རྒྱལ་ས་གྷོ་ཧ་ཌྲིས་ཕེབས་སྐབས་ས་གནས་རུ་པཱ་དང་། ཀ་ལ་ཐང་ས་གནས་སོ་སོའོ་སྡེ་དགོན་རྣམ་པས་ཕེབས་བསུ་དང་གསོལ་ཇ་སོགས་གོ་སྒྲིག་ཞུས་ཤིང་། བསྟན་འཛིན་སྒང་བོད་མིའི་གཞིས་ཁོངས་རྒྱུད་སྟོད་དགོན་པ་དང་གཞིས་འགོ། སློབ་ཕྲུག། མི་མང་བཅས་ཀྱིས་ཕེབས་བསུ་དང་གསོལ་ཇ་གོ་སྒྲིག་ཞུས་འདུག་ཅིང་། དེ་གའི་སློབ་གྲྭར་ཞལ་འདེབས་གནང་ཞིང་།
ཨ་རུ་ནཱ་ཅལ་མངའ་སྡེ་དང་ཨ་སམ་འབྲུག་གསུམ་གྱི་ས་མཚམས་ཀྱི་ཨ་སམ་གྱི་དམག་སྒར་ཞིག་ཏུ་ཁོང་གི་ཨ་ཁུ་རྒན་པའི་བུ་མོ་རྒྱ་གར་དབུས་གཞུང་གི་དམག་སྡེ་དྲུག་གི་དམག་དཔོན་སེང་གེ་གཅིག་དང་སྐར་གསུམ་རྟགས་ཅན་དམག་དཔོན་ཁོང་གི་ནང་དུ་གུང་ཟས་བཞེས་ཏེ་གྷོ་ཧ་ཌྲི་ལ་ཕེབས་ནས་དེར་བཞུགས་ཞག་གནང་།
ཚེས་༢༦ཞོགས་པར་ས་གནས་དེར་ཡོད་པའི་བདེ་མཆོག་གི་གནས་མཇལ་དུ་ཕྱིན་ཅིང་ཚོགས་འཁོར་བསྐོར་གནང་སོང་། བདེ་མཆོག་གི་གནས་དེར་སྐྱབས་རྗེ་མདོ་ཁམས་བརྒྱད་པ་རིན་པོ་ཆེ་མཆོག་ཀྱང་ཕེབས་མྱོང་ཡོད་འདུག། ཉིན་རྒྱབ་གནམ་གྲུ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་ཁ་བསྒྱུར་གནང་ཞིང་།
ཚེས་༢༧ཉིན་གྷ་གྷ་གནམ་ཐང་བརྒྱུད་དེ་གདན་ས་བཀྲ་ཤིས་ལྗོངས་སུ་བདེ་བར་ཕེབས་གྲུབ་བྱུང་སོང་།
ཟིན་བྲིས་པ། མཁན་པོ་བྱམས་པ་ཡོན་ཏན།
བསམ་ཚུལ་ཕྲིས།