༧དཔལ་རྒྱལ་བ་མདོ་ཁམས་བརྒྱད་པས་ཕྱི་རྒྱལ་བའི་སློབ་མ་རྣམས་ལ་ཉམས་ལེན་གྱི་རིམ་པ་གསུང་པའི་སྒྲ་ཕབ་ཁག་ཅིག །

ཁྱོན་9170བཀླགས་འདུག


གཞན་གྱིས་མ་གསུངས་པའི་གསར་པ་ཞིག་ང་ལ་གང་ཡང་ཞུ་ཡོང་ཡ་ཡོད་མ་རེད། དེ་ལྟར་ཡིན་ན་ཡང་སོ་སོའི་རང་གིས་རང་རྒྱུད་ཀྱི་ཡོན་ཏན་ལ་བརྟགས་པའི་ཐོག་ནས་

རང་ཉིད་ཀྱི་གནས་ཚུལ་འདྲ་བོ་ཏོག་ཙམ་ཞིག་ཕར་ཞུས་བཞག་ན་ཆོས་ཀྱི་ཐོག་ནས་སོ་སོའི་གོ་མྱོང་རྟོགས་གསུམ་གང་གིས་ཆ་ནས་ཡིན་ན་ཡང་ཁྱེད་རྣམ་པ་ལ་ཐུགས་ཕན་གསོས་ཡ་ཞིག་ཞུ་ཐུབ་པའི་གདིང་ཚད་འདྲ་བོ་གང་ཡང་མི་འདུག་སྟེ། ཡིན་ན་ཡང་གང་ཤེས་ཅི་ཤེས་འདྲ་བོ་དེ་སྐྱེད་ཀྱི་ཚུལ་དུ་ཁྱེད་རྣམ་ལ་ཕུལ་རྒྱུ་ཡིན། སྤྱི་བསྟང་ང་ཚོ་ལ་ཆོས་དང་འཇིག་རྟེན་ཞེས་བྱ་བ་གཉིས་ཡོད་རེད། འཇིག་རྟེན་གྱི་བྱ་བ་ཟེར་ཡ་དེ་འདྲ་བོ་ཞིག་ཡིན་ན།  དེའི་ཐོག་ཏུ་ག་ཚད་ཡར་རྒྱས་སོང་། ག་ཚད་བསམ་བློ་བཏང་། ག་ཚད་ལས་ཀ་མང་དུ་བྱས་པ་ཡིན་ན་ཡང། ལས་ཀ་མང་དུ་འགྲོ་ཡ་དང།   སྡུག་བསྔལ་ཆེ་རུ་འགྲོ་བ་ལས་མེད་ངེས་ཅན་གྱི་ཆོས་ཞིག་རེད། དེ་ནས་ཆོས་ཟེར་བཞག་ཡ་དེ་ལ་ཡང་སངས་རྒྱས་པའི་ཆོས་ལུགས་དང། དེ་བཞིན་དུ་སྟོན་པ་འདྲ་མིན་གྱིས་ཆོས་ལུགས་མང་པོ་ཡོད་རེད།   དེ་ལྟ་བུའི་ཆོས་དེ་ཐམས་ཅད་ལ་སོ་སོའི་ཡིན་ན་ཡང་ཏོག་ཚད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དང་སེམས་ལ་ཞི་བ་དང་བདེ་བ་ཐོབ་བྱེད་གཅིག་རེད་བསམ་ཏེ་སོ་སོས་ཀྱང་སེམས་གཏིང་ནས་གུས་བཀུར་ཞུ་ཡི་ཡོད། ལྷག་པ་དུ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་རང་དོན་ལ་མཁྱེན་པ་ཕུན་སུམ་ཚོགས། གཞན་དོན་ལ་བརྩེ་བ་ཕུན་སུམ་ཚོགས་དེ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་ནུས་པ་ཡང་ཕུན་སུམ་ཚོགས་པས་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཡིན་དུས། དེས་བསྟན་པའི་ལམ་གྱི་རྣམ་པར་བཞག་པ་དེ་ཡང་གཞན་དང་མ་འདྲ་བའི་ཁྱད་པར་དུ་འཕགས་པ་ཞིག་འདིར་ཡོད། དེའི་གདུལ་བྱ་སེམས་ཅན་སོ་སོས་མོས་པ་དང་ཁམས་མཚོན་པ་ཅན་ཞིག་གི་དེ་ཐམས་ཅད་འབྲེལ་ཚབ་ཀྱི་ཐོག་ལ་ཆོས་ཡང་ཐེག་པ་ཆུང་ངུ་། ཐེག་པ་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ། དེ་དག་རེ་རེའི་ནང་དུ་ཡང་ཚན་པ་མང་པོ་ཞིག་ཕྱེ་སྟེ། ཐེག་པ་སྣ་ཚོགས་པ་ཞིག་གསུངས་ཡོད་རེད། དེ་ལྟའི་ཆོས་གསུངས་གནང་བ་དེ་ཐམས་ཅད་གང་ཟག་རང་རང་སོ་སོའི་རྒྱུད་འདུལ་བ་བྱ་བའི་ཐབས་ལ་རྣམ་སྣ་ཚོགས་པ་གསུངས་བཞག་པ་ཞིག་རེད་མ་གཏོགས་དེ་དག་ཕན་ཚུན་འགལ་འདུ་སྟེ་གཅིག་གི་སྤང་བྱ་དང་གཅིག་གི་གཉེན་པོ་ལྟ་བུ་ཁྱད་པར་དབྱེ་ཕྱེ་ཆེ་པོ་ཅན་དེ་འདྲ་གང་ཡང་མ་རེད། དེ་འདྲ་ཞིག་ཡིན་དུས་ང་རང་ཚོ་ཐམས་ཅད་ཀྱི་སེམས་གྱིས་སྤྱིར་འཇིག་རྟེན་གྱི་ལུགས་དང། ཆོས་ལུགས་ཡོད་པ་གཉིས་ཀྱི་བར་ཡིན་དུས། ཆོས་ཀྱི་རྗེས་སུ་འཇུག་པ་དེ་ཐམས་ཅད་གང་བྱས་ན་ཡང་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཉེ་བ་དང། ཞི་བ་དང་བདེ་བ་ཐོབ་པའི་བྱེ་བྲག་ཞིག་ཏུ་གཅིག་པར་གུས་བཀུར་གནང་ཡ་དེ་དང། དེའི་ནང་ནས་ཀྱང་ད་ལྟ་བཞུགས་པའི་སངས་རྒྱས་ཀྱི་ཆོས་ལུགས་འཛམ་བུ་གླིང་ངམ་འཇིག་རྟེན་གྱི་ཁམས་འདིར་ཐེག་པ་ཆུང་ངུ་དང། ཐེག་པ་ཆེན་པོ་འདྲ་མི་འདྲ་ག་རེ་ཡོད་པ་དང། དེ་ག་ནང་བཞིན་ང་རང་ཚོ་བོད་ལ་ཡིན་ན་ཡང་། སྤྱིར་ཐེག་པ་ཆེན་པོ་ཡིན་པ་ལ། ནང་གསེས་ཀྱི་ས་སྐྱ་དགེ་ལུགས་རྙིང་མ་དཀར་བརྒྱུད་སྟེ་ཆོས་ལུགས་ཆེན་པོ་བཞིའི་མཚོན་པའི་ནང་གསེས་ཀྱི་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་ཐམས་ཅད་ཀྱང་སྟོན་པ་གཅིག་གི་ཆོས་ལུགས་དང། སྟོན་པ་གཅིག་གི་རྗེས་འཇུག་ཡིན་པའི་ཐོག་ནས་དེ་དག་ཚང་མ་ཡང་དག་པ་དང། ཡང་དག་ཡིན་པ་བཞིན་དུ་དེ་དག་ཐམས་ཅད་སྟོན་པ་གཅིག་གི་ཆོས་ལུགས་ཡིན་པའི་ངེས་ཤེས་ཀྱི་ཐོག་ནས་གུས་བཀུར་དང་ཕྱོགས་རིས་མེད་པ་ཞིག་ཞུ་རྒྱུ་དེ་ཞི་དྲག་གི་གལ་ཆེན་པོ་འདུག །ཡིན་ན་ཡང་རང་རང་སོ་སོའི་རྒྱུད་ལ་ཉམས་ལེན་ཞིག་བཟོ་རྒྱུ་དེ་ཆོས་ལུགས་འདྲ་མི་འདྲ་མང་པོ་ཞིག་ཡོད་དུས་དེ་དག་གང་འདྲ་ཞིག་ཡིན་ན། ཐམས་ཅད་གཅིག་གི་རྒྱུད་ལ་ཉམས་ལེན་གནང་དགོས་ན།  དེ་དག་ལ་བཤད་ཚུལ་དང་དགོངས་པ་མི་འདྲ་བ་རེ་ཡོད་དུས་ཐམས་ཅད་གཅིག་གིས་རྒྱུད་ལ་ཉམས་ལེན་བཟོ་ཤེས་ཐབས་འདྲ་ཡོད་ས་མ་རེད། ཆོས་ལུགས་རྣམ་པ་རིམ་པ་མང་པོ་ཞིག་འདུག་དེ་གང་འདྲ་ཞིག་ཡིན་ན་བསམ་པའི་སྣང་བ་ཤར་གྱི་རེད་དེ།  ཡིན་ན་ཡང་རང་རང་སོ་སོའི་ཉམས་ལེན་བཟོ་ཡ་དེ་ལ། སངས་རྒྱས་ཀྱིས་གདུལ་བྱ་རང་རང་སོ་སོའི་སྐལ་བ་དང་འཚམས་པའི་ཆོས་གསུངས་བཞག་པ་ནང་བཞིན་པ།  སོ་སོའི་ཉམས་ལེན་ཟེར་ཡ་དེ་ཡང་དེའི་ངང་ནས་གདམས་དཀྲུག་འདྲ་བོ་མ་སོང་ན་སོ་སོའི་བློ་ལ་ག་རེ་འཚམས་ཀྱི་འདུག་ལྟ་སྟེ། དེ་ཉམས་ལེན་གནང་ཆོག་གི་ཡོད་རེད། དེ་དག་གིས་ལམ་གྱི་ཐབས་རྣམ་པར་མང་པོ་ཞིག་གསུང་བཞག་པ་རེད་མ་གཏོགས། དོན་དག་བབ་སོ་འདྲ་བོ་དེ་འབྲས་བུ་ཐོབ་ཡ་དེ་དང་།   དོན་གྱིས་དགོངས་པས་བབ་སོ་འདྲ་བོ་དེ་ཡང་བསམ་ཤེས་ཉམས་སུ་ལེན་ཤེས་ན་ཐམས་ཅད་གཅིག་གི་ཐོག་ཏུ་འགྲོ་ནས་མཐར་ཐུག་ང་རང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་མ་ནོར་བ་དེ་གཅིག་ཁོ་ན་ལས་གཞན་པ་ཞིག་ཡོད་མ་རེད། དེ་ཡང་སངས་རྒྱས་ཐོབ་ཟེར་སྡད་ཡ་དེ་ངོ་མ་བཤད་ན་རང་རང་སོ་སོའི་སེམས་ཀྱི་ངོ་བོ་སྟེ། སེམས་ཉིད་དེ་ལ་འཁྲུལ་བའི་མ་བསླད་པ་ཞིག་མངོན་དུ་མཐོང་ཙམ་ཞིག་རེད་མ་གཏོགས་དེ་ལས་གཞན་དུ་སངས་རྒྱས་ཟེར་བ་ཞིག་འཚོལ་རྒྱུ་དང། ཐོབ་རྒྱུ་གང་ཡང་ཡོད་མ་རེད། དེའི་ཐབས་དེ་ལ་སངས་རྒྱས་ཀྱིས་ཐེག་པ་ཆེན་པོ་དང། ཆུང་ངུ་ཡིན་ན་ཡང་འདྲ་སྟེ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཁྱབ་ཏུ་ལམ་མདོ་བསྡུས་ཤིག་གསུངས་གནང་བ་དེའི་སྡོམ་འདྲ་བོ་ཞིག་ངས་ད་རེས་ཞུ་རྒྱུ་ཡིན། དེ་ལ་དང་པོར། ངེས་འབྱུང་ཆོས་ཀྱི་མགོ་མོ། དེ་ལ་འཇིག་རྟེན་གྱི་བྱ་བཞག །ད་ལྟ་ཚེ་འདི་ལ་རང་རང་སོ་སོའི་བདེ་ཐབས་དེ་ལ་ཞེན་ནས་བྱ་བ་ག་རེ་བཟོས་ན་ཡང་དེ་ནས་བྱ་བ་ཐམས་ཅད་ལ་དེའི་འབྲས་བུ་དེ་ལ་གོང་དུ་ལབ་པ་ནང་བཞིན་ཟད་པ་མེད་པ་ཅན་ཞིག་དང་ཟད་པ་མེད་པའི་ཐོག་ནས་ག་ཚད་འགྲུབ་ན་ཡང་འགྲུབ་བཞིན་དུ་ད་དུང་དེ་ལ་དགོས་རྒྱུ་མང་བ་ཞིག་དང། དགོས་རྒྱུ་མང་བའི་ཐོག་ལ་སྡུག་བསྔལ་ཡང་མང་དུ་འགྲོ་རྒྱུ་ཞིག་ལས་མེད་པ་དང། དེའི་རྒྱུ་ག་ཚད་སྒྲུབ་བསྡད་པ་ཡིན་ན་ཡང་། རང་རང་སོ་སོའི་སྐྱེ་བ་འདིའམ་ཚེ་འདི་རེད་མ་གཏོགས་སྒྲུབ་བསྡད་པ་དེའི་ཕན་ཐོག་འདྲ་བོ་དེ་སྐྱེ་བ་ཕྱི་མ་ལ་མི་ཡོང། རྒྱུ་ནོར་ལོངས་སྤྱོད་ག་ཚད་བསགས།  ག་ཚད་འབྱོར་བ་དང་ལྡན་པ་ཞིག་ཡིན་ན་ཡང། སོ་སོ་ཤི་བའི་དུས་ཚོད་ལ། སྐལ་པའི་རྒྱུ་རྫས་ཡོད་ཀྱང་། དེ་ཐམས་ཅད་བཞག་སྟེ་རང་ཉིད་ཀྱི་གཅེས་པའི་ལུས་འདི་ཡང་བོར་ནས་འགྲོ་དགོས་པའི་གནས་ཚུལ་དེ་ལ་བརྟགས་ནས། བསམ་བློ་བཏང་ན། དེའི་ཐོག་ཏུ་བརྩོན་འགྲུས་དང་སྡུག་རུས་ག་ཚད་བརྒྱབ་ན་ཡང་། དེའི་གཏན་དུ་རང་གི་རྒྱུད་ཀྱི་སེམས་པ་དེ་ལ་ཕན་ཐོག་པ་ཞིག་དང་། སེམས་པ་དེ་ལ་དེའི་ཐོག་ནས་བདེ་བ་ཐོབ་ཡའི་གནས་ཚུལ་རེད་མི་འདུག་བ་དེ་ཤེས་ནས། འཇིག་རྟེན་གྱི་བྱ་བ་དེ་ཏོག་ཙམ་ཕར་རྒྱང་སྲེང་ནས་ཆོས་ཀྱི་བྱ་བ་ལ་འཇུག་པའི་བློ་དེ་སྐྱེ་དགོས་ཀྱི་ཡོད་རེད། འཇིག་རྟེན་གྱི་བྱ་བ་དེ་ལ་དཔག་ནས་ཆོས་ཀྱི་བྱ་བ་དེར་ཞུགས་ན། ཆོས་དེས་སེམས་ཀྱི་ཐོག་ལ་ཕན་གང་འདྲ་བྱེད་ནས་བཏགས་ཀྱི་རེད་ཟེར་ན། དེ་ལ་གཉིས་རེད། དེ་ལས་གཉིས་པ་བྱང་སེམས་ཆོས་ཀྱི་རྐང་པ། དེ་ལ་དཔེར་ན་འཇིག་རྟེན་གྱི་བྱ་བའི་སྐབས་སུ་ལ། ང་དང་རང་ཞེས་པ་དེ་ལ་གཅེས་པ་ཞིག་བཟུང་། དེ་ནས་རང་ལ་ན་དྭོགས། རང་ལ་འཁྱག་དྭོགས། རང་ལ་ལྟོག་དྭོགས། དེ་བཞིན་དུ་རང་ལ་བདེ་བ་གཞན་དང་མ་འདྲ་བའི་བདེ་འདོད་ཅན་ཞིག་གིས། རང་འདོད་ཆེན་པོ་ཞིག་བཟོས་ནས་དེ་དོན་དུ་བྱ་བ་ག་རེ་བརྩམ་ན་ཡང་གཞན་ལ་གནོད་པ་ཅན་ཞིག་འགྲོ་ཡི་ཡོད་རེད། རང་འདོད་དེའི་རང་གི་འདོད་པ་ཇི་བཞིན་ཞིག་མི་འགྲུབ་པ་དེའི་ཐོག་ཏུ་གཞན་ལ་གནོད་པ་ཅན་ཞིག་ཏུ་འགྱུར་འགྲོ་ཡི་ཡོད་རེད། རང་རང་སོ་སོའི་རྒྱུད་དེ་ཆོས་ཀྱི་ཕྱོགས་སུ་ཡང་དག་པ་ཞིག་འགྲོ་ནས་སེམས་ཐོག་ཏུ་ཕན་ཐོག་པ་དེའི། རང་གི་རང་ཇི་ལྟར་བདེ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་རང་གི་རང་ལ་བརྩེ་ཇི་ལྟར་ཡོད་པ་དེ་བཞིན་དུ་སེམས་ཅན་ཐ་ན་དུད་སྐྱེ་གནས་སྐྱེས་པ་གཅིག་ཚུན་ཆད་ཀྱིས་བསམ་ལུགས་དེ་གཅིག་པ་ཡིན་དེ་ཤེས་པ་བྱེད་ནས་སྒོམ་དགོས་ཀྱི་ཡོད་རེད། དེ་ནས་དེ་ལ་རང་དང་མཉམ་པ་ཅན་ཞིག་གི་བསམ་པ་ཡོད་པ་ཤེས་པར་བྱེད་དེ་སྒོམ་དགོས་ཀྱི་རེད། དེ་ལྟར་སྒོམ་ཚར་དུས་དཔེར་ན་རང་ལ་གཞན་ཞིག་གིས་སྡུག་པོ་འདྲ་བོ་བཏང་ཚེ་སྡུག་བསྔལ་ཇི་ལྟར་མྱོང་གི་ཡོད་པ་དེ་བཞིན་དུ་གཞན་དག་དེ་ཚོ་ལ་ཡང་སྡུ་བསྔལ་དེ་ལྟར་ཡོད་པ་དེ་ཤེས་ཐོབ་དགོས་ཀྱི་རེད། དེ་ལྟ་བུ་ཞིག་གི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ལ། སེམས་ཅན་ཐམས་ཅད་རང་དང་མཉམ་པ་རེད་སྙམ་པའི་ངེས་པ་ཞིག་རྙེད་ཡོང་ན། དེའི་སྐབས་སུ་རང་དོན་སྒྲུབ་མ་ཐོབ་པ་ལ་སྡུག་བསྔལ་དང་དཀའ་ངལ་དེ་ལ་སོགས་པའི་རང་འདོད་ལས་བྱུང་བའི་སྡུག་བསྔལ་དང་། ན་ཚ་ཐམས་ཅད་ཀྱང་རང་བཞིན་གྱི་མེད་པ་ཆགས་འགྲོ་རྒྱུ་རེད། དེ་བཞིན་དུ་རང་གི་རང་ལ་བདེ་བ་ལྡན་འདོད་ཀྱི་བསམ་པ། རང་གི་རང་ལ་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་ཇི་ལྟར་ཡོད་པ་དེ་འདྲ་བ་ཡིན་ཤེས་ཚར་དུས་རང་ལ་ཇི་ལྟར་ཡོད་པ་དེ་གཞན་ལ་ཡང་བསྐྱེད་ཐོབ་ཀྱི་རེད། དེའི་བྱམས་པ་དང་སྙིང་རྗེ་དེ་གཉིས་རང་གི་སེམས་ཀྱི་ཐོག་ཏུ་ཡར་རྒྱས་ག་ཚད་བྱུང་ན་གཞན་ལ་གནོད་པའི་ལས་དེ། དེའི་ཤུགས་ལ་སྤངས་འགྲོ་བ་ཞིག་དང།   གཞན་ལ་ཕན་པའི་ལྷག་བསམ་དེའི་རང་ཉིད་ཀྱི་གཉེན་ཉེ་དང་མཛའ་བཅུགས་ཏེ། རང་ཕྱོགས་གཅིག་པུ་ལ་བྱམས་དང་བརྩེ་བ་ལྟ་བུ་མ་ཡིན་པར། སེམས་ཅན་ཐམས་ཅད་ལ་སྙོམ་པའི་ཐོག་ནས་ཕན་སེམས་ཀྱི་བསམ་པ་ཁྱད་པར་ཅན་དེ་སྐྱེ་ཐོབ་ཀྱི་རེད། དེ་ལྟར་ཡིན་པ་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕན་འདོད་དེ། ཕན་འདོགས་པའི་ཐབས་ཀྱི་རིམ་པ་དེ་གསུངས་ཡོད་པ་མ་རེད། ཡིན་ན་ཡང་སེམས་ཅད་ལ་གནོད་པའི་ལས་དེ་སྤོང་དགོས་པ་གསུངས་ཚར་དུས་དེའི་ཤུགས་ཀྱིས་ཕན་འདོགས་པ་དེ་ཡང་གྲུབ་པ་རེད། ཐེག་པ་ཆེན་པོའི་སྐབས་སུ་སེམས་ཅན་གཞན་ལ་ཕན་པའི་ཐབས་ཤེས་མང་པོ་ཤིག་བསྟན་ནས་དེའི་སྒོམ་སྟངས་དེའི་ལེན་ཁྱད་པར་དུ་འཕགས་པ་ཞིག་བསྟན་དུས། སེམས་ཅན་གཞན་ལ་གནོད་པའི་ལས་ཆེད་དུ་སྤང་དགོས་པ་མ་གསུངས་ཀྱང་ཤུགས་ཀྱིས་འབྱུང་བ་ཅན་ཞིག་ཡིན་དུས། དོན་དུ་ལུང་གོང་འོག་གཉིས་འགལ་མེད་དུ་ཆགས་འགྲོ་ཡི་ཡོད་རེད། སྔགས་ཀྱི་ཐེག་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དེས་སེམས་ཅན་གཞན་ཕན་པ་སྒྲུབ་རྒྱུ་དེ་གཞི་རུ་བཞག་ནས་སེམས་དེ་དང་ལྡན་པའི་ཐོག་ནས་སེམས་ཅན་ཕན་འདོགས་སྟངས་དང། ལམ་ཉམས་སུ་ལེན་ཚུལ་མི་འདྲ་བ་ཞིག་བསྟན་པ་ལས་གཞན་ཁྱད་པར་གང་ཡང་ཡོད་མ་རེད། བྱང་ཆུབ་སེམས་དེ་ཆོས་ཀྱི་རྐང་པ་གསུངས་དུས་ཆོས་ཐམས་ཅད་ཀྱི་རྐང་པ་བཙུག་སའི་གཞི་འདྲ་བོ་དེ་བྱང་ཆུབ་ཀྱི་སེམས་ཡིན་གསུངས་ཡོད་རེད།   དེ་ནས་ཐ་མ་དེ་ལ་ཡང་དག་པའི་ལྟ་བ་ཆོས་ཀྱི་གཞུང་ཤིང། ཡང་དག་པའི་ལྟ་བ་ཟེར་རྒྱུ་དེ་ལ་གནས་སྐབས་ཀྱི་ཡང་དག་པའི་ལྟ་བ་ཞིག་དང་། མཐར་ཐུག་གི་ཡང་དག་པའི་ལྟ་བ་ཞིག་སྟེ་གཉིས་ཡོད་རེད། དེ་ལ་གནས་སྐབས་ཀྱི་ཡང་དག་པའི་ལྟ་བ་ཟེར་ཡ་དེ་ད་ལྟ་གོང་དུ་ལབ་པ་ནང་བཞིན། ཆོས་ཀྱི་ཀུན་སློང་དཀར་པོ་ག་རེ་ཡིན། ཀུན་སློང་མི་དགེ་བ་ག་རེ་ཡིན། ཀུན་སློང་དཀར་ནག་གི་རྗེས་སུ་ལས་རྒྱུ་འབྲས་ཏེ། ལས་ཀྱི་རྗེས་སུ་འབྲས་བུ་འབྱུང་བའི་འབྲེལ་བ་ལ་མི་བསླུ་བས་ཕན་ཚུན་འབྱུང་ལྡོག་ཡོད་པ། ལས་དགེ་བ་ཞིག་བཟོས་ན་དེའི་འབྲས་བུ་ལ་བདེ་བ་འབྱུང་བ་དང། ལས་མ་དགེ་བ་ཞིག་བཟོས་ན་དེའི་འབྲས་བུ་ལ་སྡུག་བསྔལ་འབྱུང་བ་དེ་ནང་བཞིན། དེ་འཇིག་རྟེན་པས་ཡང་དག་པའི་ལྟ་བ་ཟེར་ན་ཡང་འདྲ་གནས་སྐབས་ཀྱི་ལྟ་བ་ཟེར་ཡ་དེ་རེད། ?????དེའི་ལྟ་བ་དེ་ཡང་དག་པ་གཙང་མ་ཞིག་ཡོད་ན་དགེ་བ་ལ་སྤྲོ་བ་དང་། སྡིག་པ་ལ་འཛིམ་པ་དེ་ཡང་རང་ཤུགས་ཀྱི་ཡོང་གི་ཡོད་རེད། དེ་ལྟར་ཡིན་དུས་ང་རང་ཚོས་ལས་བསགས་ཡ་དེ་ལས་ག་རེ་ཡིན་ན་ཡང་སེམས་ཀྱི་རྣམ་པར་རྟོག་པ་སྔོན་དུ་འགྲོ། སེམས་ཀྱི་རྟོག་པ་དེའི་རྗེས་སུ་ལུས་ངག་གི་བྱ་བ་དེ་འགྲོ་ནས་སྔོན་རྗེས་ཀྱི་ཐོག་ནས་ལས་དེ་འགྲུབ་ཀྱི་ཡོད་རེད། མཐར་ཐུག་གི་ཡང་དག་པའི་ལྟ་བ་ཟེར་ཡ་དེ། ང་རང་ཚོ་ལ་ཕྱི་རོལ་ལ་སྣང་བའི་ཡུལ། དེ་ལ་གཟུགས་སྒྲ་དྲི་རོ་ལ་སོགས་པ་འདི་དང་འདི་རེད་ཟེར་ནས་འཛིན་བསྡད་མཁན་གྱི་ནང་གི་སེམས་ཀྱི་རྣམ་པར་རྟོག་པ། རྣམ་པར་རྟོག་པ་དེ་ལ་བརྟེན་ནས་བཟང་ངན་དགའ་སྡུག་ཆགས་སྡང་རེ་དོག་ལ་སོགས་པ་རྣམ་རྟོག་ཡོད་དགུ་ཅོག་འཕྲོ་བ། དེ་ཐམས་ཅད་ཀྱི་ངོ་བོའམ་ཆོས་ཉིད་དེ་ཁོ་རང་ཚོའི་གནས་ཚུལ་འདྲ་བོ་དེ་ག་རེ་རེད་འདུག་ན་དེ་སྟོང་པ་ཉིད་རེད། དེ་ཡང་སྟོང་པ་ཉིད་དེ་ནི་ཕྱིའི་གཟུགས་ལ་སོགས་པ་ཡིན་ན་འདྲ་ནང་གི་རྣམ་པར་རྟོག་ཡིན་ན་ཡང་འདྲ་སྟེ་རྟག་པ་དང་བདེན་པ་གྲུབ་པ་ཞིག་མེད་ནས་དེ་ཐམས་ཅད་འགྱུར་ཆོག་ཆོག་ཅན་ཞིག་སྟེ། སོ་སོའི་ཆེད་དུ་བསྒྱུར་ནས་བཟོས་བསྡད་པ་མ་ཡིན་པར། རང་བཞིན་གྱི་འགྱུར་འགྲོ་བ་དེ་སྣ་ཚོགས་སུ་ཁྱབ་ཐུབ་ཅན་ཞིག་རེད། དཔེར་ན་ང་རང་ཚོ་ལ་སྣང་བ་སྣ་ཚོགས་པ་ཞིག་སྔོན་དུ་ཤར་ནས་སྣང་བ་དེ་སྟོང་པ་ལ་ཐིམ་སོང་བ་ལྟ་བུ་ཅན་ཞིག་དང། ཡང་དེ་སྔོན་སྟོང་པ་ཡིན་པ་ལ་སྟོང་པ་དེ་གནས་འདྲ་འགྱུར་ནས་ཕྱིས་དེ་སྣང་བ་འདྲ་འཆར་ཡོང་བ་གཅིག་ཀྱང་མ་རེད། དཔེར་ན་ད་ལྟ་ཡོད་པའི་དངོས་པོ་ཞིག་མེད་སོང་ལྟ་བུ་སྟེ། བུམ་པ་ནང་ལ་ཆུ་མེད་ཟེར་བ་ལྟ་བུའི་མེད་སྣང་འདྲ་བོ་མ་ཡིན་པ། དེ་ཡིན་དུས་སྣང་ལས་ལོག་ཞིག་ཏུ་སྟོང་པ་ཟེར་བ་ཞིག་བཞག་ཏུ་མེད་པ་དང་། སྟོང་པ་ལས་ལོག་ཞིག་ཏུ་སྣང་བ་ཟེར་བ་ཞིག་བཞག་ཏུ་མེད་པར། སྣང་སྟོང་གཉིས་པོ་དེ་ཟུང་འཇུག་རེད། དེ་ཡི་དུས་སྣང་བའི་ཆོས་སུ་གྱུར་པ་དེ་ཐམས་ཅད་ལ་ཆོས་ཉིད་ཀྱི་ངང་ལ་ནི་ཅི་ཡང་མ་གྲུབ་པར། ཆོས་ཉིད་ངང་ལ་ཅི་ཡང་མ་ཡིན་པར་སྟོང་དེ་ལ་ཡང་དགེ་སྡིག་དང་ལམ་སྒྲུབ་པ་སངས་རྒྱས་ཐོབ་པ་ལ་སོགས་པ་དེ་གཉིས་ཅི་ཡང་རུང་བ་དེ་ལ་སྟོང་དང་རྟེན་འབྱུང་ཟུང་འཇུག་ཟེར་གྱི་རེད། དེ་ནས་དེ་འདྲའི་སྒོམ་ཞིག་བྱུང་དུས་སྟོང་པ་རྐྱང་པ་ཅན་ཞིག་གི་དགེ་སྡིག་མེད་པ་སྟོང་པ་ཡིན་ནས་བཟང་ངན་མེད་པ་ལ་སོགས་པ་སྟེ། ཆད་ལྟ་ཡི་ལྟ་བ་དེ་དང་བྲལ། སྣང་བ་ཇི་ལྟར་ཤར་བ་དེ་ཐམས་ཅད་ཡང་རང་བཞིན་གྱི་ངོ་ལ་བདེན་པ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཤེས་པ་ལ་བརྟེན་ནས་བདེན་ཞིང་རྟག་འཛིན་གྱི་འཁྲུལ་དེ་ཡང་ཞིག །དེ་ནས་ཡང་དག་པའི་རྟོག་པ་དེ་ལ་ངེས་པ་སྐྱེ་ན་ཀུན་རྫོབ་ཏུ་དགེ་སྒྲུབ་སྡིག་སྤོང་ལས་རྒྱུ་འབྲས་ལ་སོགས་ལ་ཡང་མི་འཛོལ་བའི་ཡིད་ཆེས་ཤིག་དང། དེ་ནས་མཐར་ཐུག་ལ་ཡང་ལམ་འཁྲུལ་བའི་སྣང་བ་ཐམས་ཅད་འགག་པའི་སྟོང་པ་ཉིད་ཀྱི་ངོ་བོ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དེ་ལ་ཡིད་ཆེས་སྐྱེ་བ་གཅིག་བྱུང་ན་དེ་ལ་ཆད་པ་ལྟ་བ་ཞིག་པ་ཟེར། རྟོགས་པ་དེ་སྐྱེ་བའི་ཆད་དུ་སངས་རྒྱས་ཀྱིས་གསུངས་པའི་ལམ་གྱི་རྣམ་པར་ཐམས་ཅད་་དང་ཆོས་ཉམས་སུ་ལེན་རྒྱུ་ཐམས་ཅད་དེ་རྟོགས་པའི་ཆེད་དུ་ཡིན་པ་རེད། དེ་ལྟར་ཡིན་དུས་དེ་གསུམ་པོ་དེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྤྱི་སྟངས་གཞི་ལམ་འབྲས་བུའི་སྡོམ་ལྟ་བུ་རེད། དེའི་ལམ་མདོ་བསྡུས་དེ་ཡང་གཟོ་བོ་དེ་བྱང་ཆུབ་ཀྱི་སེམས་དེ་དང་ཡང་དག་པའི་ལྟ་བ་དེ་གཉིས་རེད། དེ་གཉིས་པོ་དེ་སོ་སོའི་རྒྱུད་སྐྱེས་པ་དང་འབྲེལ་བའི་ཐོག་ནས་སམ། ཉམས་མྱོང་གི་ཐོག་ནས་སོ་སོ་རང་གིས་ངོ་ཤེས་ཤིག་དང། གཞན་ལ་ངོ་སྤྲད་པ་ཡིན་ན་ཡང་ལས་སླ་བོ་ཞིག་དང་སྟབས་བདེ་ཅན་ཞིག་ཡོད་རེད་བསམ། དེ་ལྟར་ཡིན་དུས་སོ་སོས་ཉམས་མྱོང་གི་ཐོག་ནས་ཞུ་ཐོབ་པ་ཅན་ཞིག་ཡིན་ན་དེའི་ཐུགས་ཕན་གསོས་ཡ་ཆེན་པོ་ཞིག་ཡོང་གི་རེད་དེ། དེ་ལྟ་བུའི་སོ་སོ་ལ་ཉམས་མྱོང་གི་ཐོག་ནས་ཞུ་ཐོབ་ཡ་འདྲ་བོ་གང་ཡང་མི་འདུག་སྟེ། ཡིན་ན་ཡང་སངས་རྒྱས་ཀྱིས་བདེན་པའི་བཀའ་དང་འབྲེལ་བ་ཅན་ཞིག་སོ་སོས་ལྷག་བསམ་བཟང་པོའི་ཐོག་ནས་ཐུགས་ཕན་གསོས་ཡའི་སྨོན་ལམ་དང་སྦྲགས་ནས་གང་ཤེས་ཅི་ཤེས་འདྲ་བོ་དེ་ཕར་ཞུས་པ་ཡིན། ད་ལྟ་ངས་སོ་སྐྱེ་ཐ་མལ་པ་ཞིག་གི་དེ་ག་ཙམ་ངག་ནས་བཤད་བསྡད་པ་ཙམ་མ་ཡིན་པར། སངས་རྒྱས་ཀྱིས་གསུངས་ངོ་མ་ཐོས་པ་ཡང་དོན་ཡོད་དུ་འགྲོ་བས་དེཐམས་ཅད་ཀྱི་སྙན་དུ་གཅིག་སྒྲོགས་རྒྱུ་ཡིན། །
ཚུལ་ཁྲིམས་བསྟན་འཛིན་གྱིས་ཡི་གེ་ལ་ཕབས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *